ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས།
2022.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་སོགས་སྡེ་ཁག་དུ་མས་མཉམ་འབྲེལ་སྒོས་བསྒྲུབས་པའི། ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་ཟླ་དགུ་པའི་ཚེས་ལྔ་ཉིན་ཨན་ཧོས་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་དུ་སྤེལ་འགོ་བརྩམས།

སྐབས་འདིའི་དྲ་རྒྱའི་བདེ་འཇགས་གཟའ་འཁོར་བྱ་འགུལ་གྱིས། དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་ལ། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་ཞེས་པ་བརྗོད་དོན་དུ་བཟུང་ནས། དྲ་རྒྱའི་བདེ་འཇགས་ཀྱི་དངོས་མང་བཤམས་སྟོན་ཚོགས་འདུ་དང་དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱ་འགུལ་སྤེལ་ཏེ། སྲིད་གཞུང་དང་ཚན་རིག་ཞིབ་འཇུག་ལས་ཁུངས། ཁེ་ལས་བཅས་ནས་ཡོང་བའི་སྐུ་མགྲོན་ཆིག་སྟོང་ཙམ་གདན་དྲངས་ནས། དྲ་རྒྱའི་བདེ་འཇགས་སློབ་གསོའི་ལག་རྩལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་རྩལ་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བསྣན། རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་འདི་ཟླ་དགུ་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་དུ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་སྒོས་སྤེལ་རྒྱུ་ཡིན་ལ། བྱ་འགུལ་སྤེལ་བའི་རིང་ལ། ས་གནས་སོ་སོས་ད་དུང་སློབ་གྲྭའི་ཉིན་མོ་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཉིན་མོ་སོགས་བརྗོད་དོན་གཙོ་བོའི་བྱ་འགུལ་ཆེ་གྲས་དྲུག་སྤེལ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།