མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྙན་རིས་ཀྱི་ལམ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གྲོས་ཚོགས་བསྡུས།
2022.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དགུ་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་་གིས་བརྙན་རིས་ཀྱི་ལམ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་གི་གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ལ། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཡང་བསྐྱར་བཀོད་གཏོང་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ད་ལོར། སྔོན་དཔག་ལས་བརྒལ་བའི་ཛ་དྲག་གནས་བབ་ལ་ཁ་གཏད་དེ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་པ་དང་། གཏན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཤིང་། ཕན་པ་ལྡན་པའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱས་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་བྱུང་ན་ཡང་། ལས་རིགས་སྐོར་ཞིག་ལ་རིམས་ནད་ཀྱི་གནོད་པ་ཐེབས་པས། རིམས་ནད་འགོག་སྡོམ་བྱེད་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་ཐད་ནས་བདེ་འཇགས་ཡིན་པའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དུས་ཚོད་དམ་འཛིན་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱེད་པ། བྱེད་ཐབས་གནད་ལ་འཁེལ་བ་སྤྱོད་པ། སྦས་ཤུགས་སྔོག་འདོན་བྱེད་པ་དང་དཀའ་ངལ་ཁྱད་སེལ་བྱེད་པ། ཆོད་སེམས་སྔར་ལས་བརྟན་པོ་དང་བྱེད་ཐབས་སྔར་ལས་བཟང་བོ། སྟོབས་ཤུགས་སྔར་ལས་ཆེན་པོས་དཔལ་འབྱོར་སླར་གསོ་བསྐྱར་འཕར་གྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེས་བཟང་བའི་མཇུག་འབྲས་མངོན་འགྱུར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཕན་པ་ལྡན་པའི་ངང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བར་བཀོད་གཏོང་བྱེད་པ་དང་། བཀོད་གཏོང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་གི་ལྟ་ཞིབ་ཚད་ལེན་ཇེ་དྲག་ཏུ་གཏོང་བ། བྱ་བའི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། དུས་ཐོག་ཏུ་གནད་དོན་ཐག་གཅོད་གནད་ལ་འཁེལ་བ་བྱས་ནས། ལས་འགན་སྣ་ཚོགས་ཕན་པ་ལྡན་པའི་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ལག་བསྟར་བྱེད་པར་བརྟེན་ནས་ཚོང་རའི་གསོན་ཤུགས་ཆེར་བསྐྱེད་པ་དང་། ཞིབ་དག་མགྱོགས་གསུམ་འབུར་དུ་ཐོན་པར་བྱེད་པ། རྣམ་གྲངས་ཅན་དང་གསལ་ཕྲ་ཅན། དུས་རིམ་ཅན་དུ་བསྒྱུར་བའི་རྣམ་པ་ལྟར། དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་སྲིད་ཇུས་བྱེད་ཐབས་ལག་བསྟར་ཞིབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ཚོང་རའི་གཙོ་གཞིའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་གསོན་ཤུགས་ཆེར་བསྐྱེད་དགོས། ཁེ་ལས་ཀྱི་གདུབ་ཟུམ་དོ་དམ་ལ་བརྟེན་ནས་ཐོན་སྐྱེད་ལ་འགན་སྲུང་བྱེད་པ་དང་། ཁེ་ལས་ཀྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་ཞབས་ཞུ་འགན་སྲུང་ཇེ་དྲག་ཏུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཐོན་སྐྱེད་གཏན་འཇགས་སུ་གཏོང་དགོས། ལས་གཞི་འཛུགས་སྐྲུན་ལ་བརྟེན་ནས་དངུལ་གཏོང་གཏན་འཇགས་སུ་གཏོང་བ་དང་། ལས་གཞི་གཙོ་བོའི་ཞིང་ཆེན་རིམ་པའི་འགན་ལེན་འབྲེལ་འདྲིས་སྐུལ་སྤེལ་རྐྱེན་སྲོལ་གྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། ལས་གཞིའི་སྔོན་གྱི་བྱ་བ་དམ་འཛིན་བྱེད་པ་དང་ལས་གཞི་ལག་བསྟར་བྱེད་པར་དམ་འཛིན་བྱས་ཏེ། ཕན་ལྡན་དངུལ་གཏོང་གི་གནད་འགག་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མཐུན་སྦྱོར་མཉམ་འབྲེལ་ལ་བརྟེན་ནས་དངོས་ཟོག་སྐྱེལ་འདྲེན་གེགས་མེད་ལ་འགན་སྲུང་བྱེད་པ་དང་། རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་བྱེད་པ། མཉམ་འབྲེལ་གེགས་མེད་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། རིམ་པ་བཞིན་འགན་ཁུར་ཇེ་མང་དུ་གཏོང་བ་དང་དབྱེ་འབྱེད་གཏན་ནས་མི་བྱེད་པར་བཀག་འགོག་བྱེད་དགོས། དངུལ་གཏོང་འཕར་སྣོན་ལ་སྣེ་ཁྲིད་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཚོང་འགུག་དངུལ་འདྲེན་དང་ལས་གཞི་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཉེན་ཁ་འགོག་སྡོམ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། རིམས་ནད་འགོག་སྡོམ་དམ་འཛིན་ལྷོད་མེད་བྱེད་པ། འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱས་ཏེ། སྤྱི་ཚོགས་ཡོངས་རྒྱུན་མཐུད་ངང་འཆམ་མཐུན་གཏན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས། སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་སྤྱོད་ཚུལ་བསྒྱུར་བ། དམིགས་འབེན་གཙིགས་འཛིན་བྱེད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཝང་ཝེ་ཏུང་དང་ཚེ་རིང་ཐར། དབྱང་ཧྥིན་ཁྲུན། དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ཀྱིས་ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ས་གནས་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་སུ་ཡན་ལག་ཚོགས་ར་བཙུགས།

རིན་ཆེན་མཚོས་བསྒྱུར།