ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་གྲོས་ཚོགས་བསྡུས་ནས། ལས་དོན་ཚན་ཁག་སྐོར་ཐེངས་གཉིས་ཞིང་ཆེན་བཅུ་དྲུག་ཏུ་སོང་ནས། དཔལ་འབྱོར་བརྟན་པོ་ཡོང་རྒྱུར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་ཞབས་ཞུའི་ལས་དོན་བསྒྲུབས་པའི་སྙན་ཞུར་ཉན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།
རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་རུ་སྣེ་ཁྲིད་ནས་ས་གནས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞབས་ཞུའི་སྲིད་ཇུས་དོན་འཁྱོལ་དང་ལས་གཞི་འཛུགས་སྐྲུན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པར་སོང་བར། ས་གནས་ཁག་གིས་དུས་ཐོག་ཏུ་ཚུར་སྣང་བྱས་ཏེ་ཕན་འབྲས་ཐོབ་པ་དེ་ནི། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལག་ལེན་དངོས་ཡིན་ལ། ལས་ཀ་བྱེད་སྟངས་གསར་གཏོད་བྱས་པ་ཞིག་ཀྱང་ཡིན།
ལིས་ཁི་ཆང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཕྱོགས་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། དཔལ་འབྱོར་བརྟན་པོ་ཡོང་ཆེད་དཀའ་སྤྱད་འབད་བརྩོན་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་གཉིས་ཀའི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་ལས་ཞུགས་དང་དངོས་གོང་བརྟན་པོ་ཡོང་བར་བྱེད་པ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པར་བྱེད་པ་བཅས་ལ་འབད་མཐར། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་བསྟན།
ལིས་ཁི་ཆང་གིས་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ་ལ་ཁྲོམ་ར་གཙོ་བོར་བརྟེན་དགོས་པ་དང་། ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་སེལ་རོགས་བྱེད་དགོས་པའི་དུས་མཚུངས་སུ། འཛད་སྤྱོད་སླར་གསོ་བྱ་རྒྱུ་དེ་སྒུལ་ཤུགས་གཙོ་བོ་རུ་འགྱུར་བར་བྱེད་རྒྱུ་དང་། མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཁྲོམ་ར་གཙོ་བོ་ལ་དགོས་མཁོ་གསར་པ་བསྐྲུན་རྒྱུ་དང་ཡིད་ཆེས་འཕེལ་བར་བྱེད་དགོས། གཙོ་གནད་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་ཀྱིས་ས་གནས་ཀྱི་དགོས་མཁོར་དམ་པོར་དམིགས་ནས། གྲངས་འབོར་སྔར་ལས་ཇེ་མང་དུ་གཏོང་བ་དང་ལོ་སྟོད་དུ་ལས་འགོ་བརྩམས་པའི་ལས་གཞི་ཅི་ཡོད་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་ནས། ད་ལོའི་ཟླ་བ་རྗེས་མ་འགའི་རིང་དུ་དངོས་རྫས་སྔར་ལས་མང་བའི་ལས་ཀའི་ཚད་གཞི་གྲུབ་པར་བྱེད་དགོས། དུས་རིམ་རང་བཞིན་གྱི་ནོར་སྲིད་སྐྱེད་གསབ་དང་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་རྩིས་འཐེན་གཏོང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་སོགས་སྤྱད་དེ། ཉམས་ཞན་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་དང་བསྒྱུར་བཀོད་ལ་རྒྱབ་སྐྱོར་གང་ལེགས་བྱེད་དགོས། ཉེ་བའི་ལོ་འདི་དག་གི་རིང་ལ། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་སྲུང་འཛིན་གང་ལེགས་བྱས་པ་ལས། ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་འཕར་སྣོན་ཆེན་པོ་བྱུང་མེད་པ་དང་དངུལ་ལོར་ཚད་བརྒལ་འགྲེམས་གཏོང་བྱས་མེད་པའི་དབང་གིས། དངོས་གོང་བརྟན་པོ་བྱུང་བ་དང་། ད་ལོ་སྲིད་ཇུས་ཀྱི་ལག་ཆ་ཉར་འཇོག་བྱེད་ཐུབ་ཡོད། དཔལ་འབྱོར་སྔར་ལས་ཇེ་བརྟན་དུ་གཏོང་བའི་དུས་རིམ་རང་བཞིན་གྱི་སྲིད་ཇུས་མུ་མཐུད་དུ་བཏོན་ནས། བེད་སྤྱོད་གཏོང་ཐུབ་པར་བྱེད་པ་དང་མགྱོགས་མྱུར་དོན་འཁྱོལ་ཐུབ་པར་བྱེད་དགོས་ཞེས་བསྟན།
སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝང་ཡུང་། ཝང་དབྱིས། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།