ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་པོའི་ལྗོངས་རྒྱུ་ས་ཁུལ་དུ་རྟོག་ཞིབ་བྱས།
2022.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དགུ་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་པོར་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པའི་ཐད་ནས་ཀུན་གྱི་མདུན་དུ་བསྐྱོད་པའི་བླང་བྱ་གལ་ཆེན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཆར་འགོད་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་དགོས་ལ། རྐྱེན་སྲོལ་གསར་སྐྲུན་ལ་ཡིད་འཇོག་བྱེད་པ་དང་མཚོ་ནང་དང་མཚོ་འགྲམ། ཆུ་ཁུངས་དང་བཞུར་ཁུངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པར་མ་ཟད་ལངས་གནས་བརྟན་ཞིང་ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་དགོས།

ཉིན་དེར། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚོ་འཚེར་བའི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་རྟ་ནག་མའི་སྲུང་སྐྱོབ་ས་ཚིགས། བྱེ་གླིང་། མཚོ་འཁྱིལ་ཆུ་བོ། བྱ་གླིང་སྲུང་སྐྱོབ་ཁུལ་སོགས་ལ་ལྟ་ཞིབ་བྱས་པ་དང་།  མཚོ་ཆུའི་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་ཏེ་བསྟན་དོན། མཚོ་སྔོན་པོ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་འགོག་ར་གཙོ་བོ་ཞིག་ཡིན་པས། མིག་ལ་གཅེས་སྐྱོང་བྱེད་པ་བཞིན་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་དགོས་པ་དང་། རི་ཆུ་ནགས་གསུམ་དང་ཞིང་དང་མཚེའུ། རྩྭ་དང་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ལ། མཚོ་སྔོན་པོར་ཐེངས་དྲུག་ལ་མཚོ་བཀག་ཉ་གསོ་བྱས་པ་དངོས་འབེབས་བཟང་བོ་བྱེད་པ་དང་། མཚོ་སྔོན་པོའི་ཆུ་རྒྱས་ཚད་དང་རྩྭ་ས་ཆུས་སྣུབ་པར་ཁ་གསབ་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།  མཚོ་འཚེར་བའི་ལྗོངས་རྒྱུ་ས་ཁུལ་སོགས་སུ་ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་གནས་སྐོར་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཉན་པར་མ་ཟད་རླངས་འཁོར་དུ་བསྡད་དེ་ལྗོངས་རྒྱུའི་ཚོང་རའི་སྒྲིག་ལམ་དག་ཐེར་བཅོས་སྐྱོང་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་བསྟན་དོན། འབྲེལ་ཡོད་ལས་ཁུངས་དང་ཁོངས་གཏོགས་ས་གནས་ཀྱིས་རོགས་ལས་དོ་དམ་ནུས་ལྡན་རྐྱེན་སྲོལ་འཛུགས་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ཁུལ་འཛུགས་པར་དམིགས་ཏེ། རང་འགུལ་སྒོས་འགན་འཁྲི་ཁག་ཁུར་བྱེད་པ་དང་། རང་འགུལ་སྒོས་གནད་དོན་རྩད་གཅོད་པ་དང་གནད་དོན་ཐག་གཅོད་དགོས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ལྗོངས་རྒྱུའི་གོ་རིམ་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་སློབ་གསོར་ཤུགས་བསྣན་ནས། གནས་སྐོར་བར་མཚོ་སྔོན་པོའི་རང་བྱུང་གི་མཛེས་པའི་རྣམ་པ་དང་སྐྱེ་ཁམས་ཀྱི་མཛེས་པའི་རྣམ་པ། མི་གཞུང་གི་མཛེས་པའི་རྣམ་པ་ཉམས་སུ་མྱོང་དུ་འཇུག་དགོས།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བསྟན་དོན། མཚོ་སྔོན་པོ་ནི་རྒྱལ་སྤྱིའི་གནས་སྤོར་འདབ་ཆགས་ཀྱི་བརྒྱུད་ལམ་དང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དམིགས་འབེན་དུ་འཛིན་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པ་དམ་འཛིན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། མཚོ་སྔོན་པོའི་བཞུར་ཁུངས་ཀྱི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་དོན་དངོས་ལ་རྐང་བཙུགས་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལག་བསྟར་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་པར་མཐའ་མཚམས་དང་དུམ་ཁག་བགར་བ་གཏན་འཁེལ་བྱེད་པར་མ་ཟད་ཁྱབ་ཁོངས་སྲུང་སྐྱོབ་བྱེད་པའི་ས་གནས་དང་ལམ་ཐིག་ཟུང་འབྲེལ་བྱེད་པ་དང་། དོ་དམ་སྒྲིག་གཞི་དང་མཚོ་སྐོར་ས་ཁུལ་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་ལ། ཁ་གསབ་ལམ་ལུགས་ཀྱི་ཞན་ཆ་གསར་སྐྲུན་བྱས་པ་བརྒྱུད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་སྐྱེད་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་ལེགས་པོ་ཐོབ་ཏུ་འཇུག་དགོས། གྲོང་གསེབ་འཆར་འགོད་དང་མཚོ་སྔོན་པོའི་མཐའ་སྐོར་དུ་མིས་བཟོས་བཟོ་སྐྲུན་དེ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པར་མཐུན་སྦྱོར་བྱས་ཏེ། མཚོ་སྐོར་ས་ཁུལ་གྱི་གྲོང་བརྡལ་གྱིས་སྣེ་ཁྲིད་བྱེད་པ་དང་སྡེ་བའི་རྣམ་པ་ལེགས་སྒྱུར་བྱེད་པ་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་མཚོ་སྔོན་པོའི་ས་གནས་ཀྱི་ཁྲིམས་སྲོལ་བཟོ་བཅོས་དང་ལག་བསྟར་བྱེད་མཚམས་འཇོག་པའི་བྱ་བ་བཟང་བོར་བསྒྲུབ་དགོས།

ཞིང་ཆེན་གྱི་འགོ་ཁྲིད་པ་ཀྲུའུ་ཞང་ཧྥིན་དང་ལིའུ་ཐའོ་གཉིས་ཀ་རྟོག་ཞིབ་ལ་ཞུགས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་གདན་དྲངས་པ་ལྟར་རྟོག་ཞིབ་ལ་ཞུགས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།