ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅོ་བརྒྱད་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། ཁ་ཡིག་ལ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཞེས་པ་བཀོད།
རྩོམ་ཡིག་ལས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱེད་ཀྱིན་པའི་རྒྱུན་མཐུད་ཅིག་ཀྱང་ཡིན་པས། ངེས་པར་དུ་ལས་དོན་འདི་ཉིད་རྒྱུན་སྲིང་ལྷོད་མེད་ངང་སྤེལ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་གནམ་ནས་ལྷུང་བ་མིན་པར། ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་དང་རིན་དོད་སྣ་ཚོགས་ཕུལ་ཏེ་བླངས་པའི་གྲུབ་འབྲས་རྩ་ཆེན་ཞིག་ཡིན་ཞེས་ནན་གྱིས་བསྟན།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་དུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ཅེས་པའི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་བཞག་པ་དེ་ལས་ང་ཚོས་ངེས་པར་དུ་ངོས་འཛིན་བྱེད་དགོས་པ་ཞིག་ནི། དུས་རབས་གསར་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ཞིག་ཡིན་པ་ལས་དུས་རབས་གསར་པ་གཞན་གང་ཡང་མིན། ཏང་གིས་ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པའི་འོག་ཏུ་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་པར་ཆེས་གཞི་རྩར་གྱུར་པ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་རྒྱུ་དེ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་དུས་རབས་ཉེར་གཅིག་པའི་ཚན་རིག་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དར་ཆ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་དར་རྒྱས་གཏོང་བའི་སྲོག་ཤིང་ལྟ་བུར་གྱུར་ཡོད་པས། ང་ཚོའི་ཏང་ལ་ལོ་རྒྱུས་ཀྱི་བྱས་རྗེས་སྔར་ལས་ཆེ་བ་འཇོག་པར་འགན་འཁྲི་དང་ཡིད་ཆེས། ནུས་ཤུགས་བཅས་ལྡན་ཡོད།
རྩོམ་ཡིག་ལས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པར་བྱེད་པ་ལ་ཅིས་ཀྱང་། ང་ཚོ་ནི་གུང་ཁྲན་ཏང་མི་ཡིན་པ་དང་གསར་བརྗེ་པ་ཡིན་པས་གསར་བརྗེའི་སྙིང་སྟོབས་འདོར་མི་རུང་བ་ནི་གལ་འགངས་ཆེ་ཤོས་ཡིན། ང་ཚོའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དང་མར་ཁེ་སིའི་རིང་ལུགས་ཀྱི་གསར་བརྗེའི་ཏང་ཞིག་ཡིན་པས། སྔོན་ཆད་ཀྱི་གསར་བརྗེའི་དམག་འཁྲུག་དུས་སྐབས་ཀྱི་ངར་ཤུགས་དང་གསར་བརྗེའི་སྤྲོ་སེམས། སྲོག་བསྡོས་ཀྱི་སྙིང་སྟོབས་བཅས་རྒྱུན་འཁྱོངས་བྱས་ཏེ། གསར་བརྗེའི་ལས་དོན་མཐར་ཕྱིན་པར་བསྒྲུབ་དགོས་ཞེས་བསྟན།
རྩོམ་ཡིག་ལས་དུས་རབས་ནི་རྒྱུགས་ཤོག་འདོན་མཁན་དང་ང་ཚོ་ནི་རྒྱུགས་ལན་འབུལ་མཁན། མི་དམངས་ནི་རྒྱུགས་ཤོག་ལ་ལྟ་མཁན་བཅས་ཡིན། ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་སྐྱོང་བདེ་འགོད་ཡོང་བར་འབད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་འཐབ་སེམས་རྒྱུན་འཁྱོངས་གང་ལེགས་བྱས་ནས། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་ཕོད་པར་བྱེད་དགོས་པ་ལས། རྒྱལ་ཁ་ཐོབ་པའི་དབང་གིས་ང་རྒྱལ་ཁེངས་དྲེགས་གཏན་ནས་བྱེད་མི་རུང་བ་དང་། གྲུབ་འབྲས་ཐོབ་པའི་དབང་གིས་སྒྱིད་ལུག་གཏན་ནས་བྱེད་མི་རུང་ལ། དཀའ་ངལ་ཡོད་པའི་དབང་གིས་ཕྱིར་བཤོལ་གཏན་ནས་བྱེད་མི་རུང་བར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་སྟོབས་ཤུགས་རྫོགས་ཤིང་གོ་བསྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་ངར་ཤུགས་ཤིག་ལྡན་པར་ཕྱོགས་གང་ཅིའི་ཐད་ནས་འབད་འབུངས་བྱེད་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།