ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་གྱིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2022.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཟི་ལིང་ནས་མཉམ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཐད་ནས་ཡང་བསྐྱར་ཞིབ་འཇུག་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་མཱ་ཡིག་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ལས་ཞིང་སྡེ་པུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་བྱ་བའི་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཐུགས་ཁུར་གནང་བ་དང་། མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་གནང་ལ། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་དང་འཕེལ་རྒྱས་དགེ་མཚན། ཁུལ་ཁོངས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་གནད་དུ་འཁེལ་བ་བྱས་ཤིང་། མཚོ་སྔོན་ལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ནང་དུ་འདུ་བའི་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དང་ལོ་རྒྱུས་ཀྱི་འགན་འཁྲི་བསྩལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། གཏན་ཕབ་གཉིས་ལ་བརྩི་མཐོང་བྱེད་པ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེང་བ། འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྒྱུན་མཐུད་འབད་འཐབ་དང་མདུན་སྐྱོད་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཁྱད་ཆོས་མངོན་གསལ་ཡིན་པ། རྒྱལ་ཁབ་ཕྱི་ནང་དུ་མིང་གྲགས་ཆེ་བའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ལ་དམིགས་ནས་མཉམ་འཛུགས་ལ་སྐུལ་འདེད་གཏོང་དགོས་ཏེ། སྐྱེ་ལྡན་དང་འཁོར་རྒྱུག ཁུངས་འདེད། བདེ་འཇགས་བཅས་འབུར་དུ་ཐོན་པར་བྱེད་པ་དང་། གོ་རིམ་ཧྲིལ་བོའི་བདེན་དཔང་དང་གནད་ཕིགས་ཚོད་འཛིན་ལ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་ཟས་རིགས་ཐད་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། སྤུས་འདེགས་ནུས་སྤེལ་ལ་དམིགས་ནས་མཉམ་འཛུགས་ལ་སྐུལ་འདེད་གཏོང་དགོས་ཏེ། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་སྟེགས་བུ་རིམ་སྤོར་བྱེད་པ་དང་། རིག་སྟོབས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་མུ་ཐག་ཚད་གཞི་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ཀྱི་ཟུར་སྣོན་རིང་གྲངས་མཐོར་འདེགས་གཏོང་དགོས། སྲིད་ཇུས་ཀྱི་འདེགས་སྐྱོར་ལ་དམིགས་ནས་མཉམ་འཛུགས་ལ་སྐུལ་འདེད་གཏོང་དགོས་ཏེ། ནོར་སྲིད་ཀྱི་རྒྱབ་སྐྱོར་ཇེ་ཆེར་གཏོང་བ་དང་། དངུལ་རྩའི་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། ཞིང་ཕྱུགས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་དང་ཐོན་སྐྱེད་སྐྱེད་སྲིང་། ཐོན་རྫས་ལས་སྣོན། ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན། ར་བའི་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་རྨང་གཞི་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས། ཐོན་རྫས་ཕྱིར་གཏོང་བྱེད་སར་དམིགས་ནས་མཉམ་འཛུགས་ལ་སྐུལ་འདེད་གཏོང་དགོས་ཏེ། ཚོང་རའི་དབྱེ་ཞིབ་ལ་ཤུགས་སྣོན་པ་དང་། དྲིལ་སྒྲོག་ངོ་སྤྲོད་ཤུགས་ཆེར་སྤེལ་བ། ཉོ་འཚོང་མ་དཔེ་གསར་གཏོད་བྱེད་པ། མཚོ་སྔོན་གྱི་ཚོང་རྟགས་སྣང་ཚུལ་དང་ཐོན་རྫས་ཀྱི་རྒྱུ་སྤུས་འགྲེམ་སྟོན་བྱས་ཏེ། ཐོན་རྫས་ཀྱི་ཕྱིར་གཏོང་བྱེད་སའི་གྲུབ་འབྲས་རྒྱ་སྐྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པར་དམིགས་ནས་མཉམ་འཛུགས་ལ་སྐུལ་འདེད་གཏོང་དགོས་ཏེ། པུའུ་དང་ཞིང་ཆེན་གྱི་མཉམ་འཛུགས་དང་གོང་འོག་མཉམ་འབྲེལ། ཕྱོགས་མང་མཉམ་ལས། གཞོགས་འདེགས་དམ་ཟབ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་བ་དང་ཕན་འབྲས་ལྡན་པའི་སྒོ་ནས་ལས་འགན་གཙོ་བོ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

མཱ་ཡིག་ཞང་གིས་བསྟན་དོན། པུའུ་དང་ཞིང་ཆེན་གྱིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་མཉམ་འཛུགས་བྱེད་རྒྱུ་ནི། ཏང་ཀྲུང་དབྱང་གིས་བསྩལ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན། ཞིང་ལས་ཞིང་སྡེ་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། པུའུ་དང་ཞིང་ཆེན་གྱིས་མཉམ་དུ་ཤུགས་འདོན་པ་བརྒྱུད་དེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་འགོ་བཟང་བོ་རྩོམ་རྒྱུ་ཡིན། རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་ཡུན་རིང་གི་གྲུབ་འབྲས་ལེན་པ། ལས་འགན་གཙོ་བོར་དམིགས་ནས། ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་བ་དང་། མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་རྒྱལ་ཡོངས་སུ་འགྲེམ་པ་དང་འཛམ་གླིང་དུ་གྲགས་པར་བྱེད་པ། མཚོ་སྔོན་གྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཚོགས་ཐོག་ཏུ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་གྲོང་ཁྱེར་དང་ཁུལ་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་བར་སོ་སོར་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་མཉམ་ལས་གྲོས་མཐུན་བཀོད་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ཁེ་ལས་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉིའོ་ཁྲིན་ཡུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་གཉིས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།