ཟླ་དགུ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བྱས་པ་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་འཛིན་པའི་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཧྲང་ཧེ་སྙིང་སྟོབས་དར་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པ། རྒྱལ་སྤྱིའི་དངོས་ཟོག་བགྲོད་ལམ་འཛུགས་སྐྲུན་བྱེད་པ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ། ཕྱོགས་གཉིས་ཉོ་ཚོང་དང་དངུལ་གཏོང་རྒྱ་བསྐྱེད་དེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་བ་འཛུགས་སྐྲུན་བྱེད་དགོས།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་ལྔ་པ་ཐོན་ལ་ཉེ་བའི་སྐབས་སུ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། སྟོབས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་གྱི་འགུལ་སྐྱོད་ཆེན་པོ་བརྒྱད་ལག་བསྟར་བྱས་ནས། ཞིང་སྡེ་སྔར་ལས་འབྱོར་ཕྱུག་ལྡན་པ་དང་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ། གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས།
ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དམག་དར་དགོངས་པའི་སློབ་སྦྱོང་གི་དྲི་བ་དྲིས་ལན་སློབ་སྦྱོང་བྱས་པ་དང་དེའི་ཐད་ནས་བགྲོ་གླེང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དོན་སྙིང་གལ་ཆེན་དང་ཚན་རིག་གི་མ་ལག གོ་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་རེ་བ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བའི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱེད་པ། དམངས་དམག་མཉམ་བསྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བཟང་བོ་བྱེད་པ། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། གཉིས་བཀུར་མཉམ་འཛུགས་བྱས་ཏེ། སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།
ཚོགས་ཐོག་ཏུ་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་། སྲིད་ཇུས་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། གློད་སྡོམ་ཞབས་གསུམ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། གེགས་མེད་ཤར་བགྲོད་བྱ་བ་བཟང་བོར་བསྒྲུབ་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཆབ་སྲིད་ཞབས་ཞུའི་ལས་ཆོད་དང་ཆུ་ཚད་མཐོར་འདེགས་བཏང་ནས། དཔལ་འབྱོར་གཏན་འཇགས་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ཏུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པ་དང་བཟོ་ལས་དཔལ་འབྱོར། ཚོང་འགུག་དངུལ་འདྲེན། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ། ཚོང་རའི་གཙོ་གཞིའི་སྡོད་ས་ཐོ་འགོད། སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཅན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།
ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་སྟོབས་ལྡན་དུ་བསྒྱུར་བ་དང་། ལྗང་མདོག་སྐྱེ་ལྡན་ས་གཤིས་མཚོན་རྟགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཕན་ཡོད་མཁོ་འདོན་ཇེ་མང་དུ་གཏོང་བ། མཚོ་སྔོན་གྱི་ཚོང་རྟགས་འཛུགས་སྐྲུན་བྱས་ཏེ། ཐོན་རྫས་ཕྱིར་གཏོང་གི་གྲུབ་འབྲས་རྒྱ་བསྐྱེད་དགོས། སྲིད་ཇུས་ཀྱི་སྣེ་ཁྲིད་དང་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེར་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བཟོ་ལས་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱེད་པ་དང་། ཆུ་སྲུང་ཆུ་གསོ་དང་ཆུ་སྐྱོང་ཆུ་བཀོལ། ཆུ་དར་ཆུ་བེད། ཆུ་གཅེས་ཆུ་སྲུང་གི་འབྲེལ་ཐག་ཧྲིལ་བོའི་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་པའི་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། ཚོང་རའི་གཙོ་གཞི་སྡོད་ས་དང་ཚོང་གཉེར་བྱེད་སའི་ཐོ་འགོད་དོ་དམ་བྱ་འགུལ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ཚོང་རའི་གཙོ་གཞིའི་ཐོ་འགོད་སྟབས་བདེ་ཡིན་་ཚད་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་དངུལ་གཏོང་དང་ཚོང་རའི་གསོན་ཤུགས་ཆེར་བསྐྱེད་དགོས། ཕུགས་འདུན་ཡིད་རྟོན་དང་ཡིད་རྟོན་ལམ་ལུགས། ཡིད་རྟོན་བྱེད་ཐབས། རྒྱལ་དམངས་དཔལ་འབྱོར་མ་ལག་གི་ཕྱོགས་སོ་སོ་དང་དུས་རིམ་སོ་སོ་མཉམ་བསྲེས་ཟབ་མོ་བྱས་ནས། སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། མཐོ་སྒང་གི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ་བྱེད་ཐབས་སུ་བྱེད་པ་དང་། རྫོང་མཁར་འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་པ། རྫོང་མཁར་གྱི་ཕྱོགས་བསྡུས་ཞབས་ཞུ་རྩོལ་ནུས་མཐོར་འདེགས་གཏོང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྫོང་མཁར་གྲོང་གསེབ་ཅན་གྱི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།
ཚོགས་ཐོག་ཏུ་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།