མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས།
2022.09.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་རིགས་གཞུང་དང་བྱེད་ཐབས་སྲིད་ཇུས། དེ་མིན་རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། ལས་འགན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད་ཧུར་ཐག་སྒོས་མཚོ་སྔོན་གྱི་ཆོས་ལུགས་བྱ་བའི་ཐད་ལ་རྣམ་པ་གསར་བ་བསྐྲུན་པ་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་སྤྱི་བསྡོམས་གཏམ་བཤད་སྤེལ་བ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་པ་ཁྲིན་རོས་ཧྥིན་དང་ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡའོ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ཉེའོ་ཁྲིན་ཡུན། ཕིན་ཡུག་ཏུང་། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག་བཅས་སོ་སོར་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས།

ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་བྱ་བའི་ཐད་ལ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་བྱས་ནས། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། མཚོ་སྔོན་གྱིས་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་པ་དང་། ཧུར་ཐག་སྒོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་མཐུན་པ་ཡོང་བར་སྐུལ་འདེད་བཏང་ཞིང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ལ་སྐུལ་མ་བཏང་བ་དང་སྣེ་ཁྲིད་བྱས་ཏེ་ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་གཅེས་པའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་པ་དང་། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཉམ་གནས་ཀྱི་རྣམ་པ་བཟང་བོ་སྔར་ལས་སྲ་བརྟན་དུ་བཏང་།

ཞིན་ཁྲང་ཞིང་གིས་བསྟན་དོན། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་རིགས་གཞུང་དང་བྱེད་ཕྱོགས་སྲིད་ཇུས་གསལ་བོར་ཤེས་པར་བྱེད་པ་དང་། རང་ཞིང་གི་ཆོས་ལུགས་བྱ་བའི་གནས་བབ་ལ་ངོས་འཛིན་གསལ་བོ་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པར་མ་ཟད། ཏན་ཏིག་སྒོས་དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ནས། ཏང་ཀྲུང་དབྱང་གི་ཆོས་ལུགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཇི་མ་ཇི་བཞིན་དུ་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཁས་ལེན་ཚད་ཇེ་ཆེར་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་བདེ་ཐང་ངང་རྒྱུན་འཛིན་བྱེད་པར་ཤུགས་རྐྱེན་བཟོ་བའི་འགལ་བ་དང་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་དགོས་ལ། ཆོས་ལུགས་ལས་རིགས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བར་ཤུགས་བསྣན་ནས། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱིས་ཁྱོན་ཡོངས་ནས་ཆོས་ལུགས་ལ་བཅོས་སྐྱོང་ནན་མོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རང་ཉིད་སློབ་གསོ་དང་རང་ཉིད་དོ་དམ། རང་ཉིད་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གིས་ཆོས་ལུགས་བྱ་བར་གཅིག་བསྡུས་གཅིག་གྱུར་སྒོས་འགོ་ཁྲིད་པར་ཤུགས་བསྣན་ཏེ། གཙོ་གཞིའི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། ཆོས་ལུགས་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་ཆ་ཚང་དུ་གཏོང་དགོས་ལ། ཆོས་ལུགས་བྱ་བའི་དཔུང་སྡེ་སྐྱེད་སྲིང་བཟང་བོ་བྱེད་པ་དང་། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། གནད་དོན་གསལ་བོར་རྟོགས་པའི་ནུས་པ་དང་སྲིད་ཇུས་བཀོད་སྤྱོད་ནུས་པ། བཅོས་སྐྱོང་གི་འགོ་ཁྲིད་ནུས་པ་སྔར་ལས་ཇེ་ཆེར་གཏོང་བར་མ་ཟད། དཀའ་སྤྱད་འབད་འཐབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཆོས་ལུགས་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་སུ་ཧ་ཅང་གལ་ཆེ་བར་ངོས་འཛིན་ཟབ་མོ་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་ནན་མོ་བྱེད་པ་དང་། ཧུར་ཐག་སྒོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་མཐུན་པ་ཡོང་བར་སྣེ་ཁྲིད་བྱེད་དགོས། བློ་ཐག་རྦད་ཆོད་སྒོས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་སྲོག་ཤིང་དོན་སྙིང་གསལ་བོར་ཤེས་པར་བྱེད་དགོས་ལ། ལག་ལེན་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ལས་འགན་གཙོ་བོ་གཅིག་སྡུད་བྱེད་པ། རིམ་པ་བཞིན་གཤིབ་སྡུར་ཞིབ་མོ་བྱེད་པར་མ་ཟད་སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་མཐོ་བའི་ཕན་འབྲས། སྔར་ལས་མཐོ་བའི་སྤུས་ཚད་ལ་བརྟེན་ནས་བྱ་བ་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས། བློ་ཐག་རྦད་ཆོད་སྒོས་འགན་འཁྲི་དངོས་འབེབས་བྱེད་པ་དང་། ལས་དོན་གྱི་བསམ་པ་དང་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ་མུ་མཐུད་དུ་ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་བཏང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དངོས་འབེབས་བྱས་ནས་ཕན་འབྲས་ཐོབ་པར་འགན་སྲུང་བྱེད་དགོས།

པད་གོ་ཡིས་སྤྱི་སྡོམ་གཏམ་བཤད་སྤེལ་སྐབས་བསྟན་དོན། སྲོག་ཤིང་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་གཙོ་རྒོལ་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ནུས་ལྡན་རྐྱེན་སྲོལ་དངོས་འབེབས་གང་ལེགས་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་ཀྲུང་དབྱང་གི་ཇུས་ཆོད་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མཚོ་སྔོན་གྱི་ལག་ལེན་དང་དམ་པོར་སྦྲེལ་ཞིང་ཆོས་ལུགས་ལས་རིགས་ལ་སྣེ་ཁྲིད་དེ་དུས་རབས་ཡར་ཐོན་གྱི་རེ་བ་དང་མཐུན་པར་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱིས་ཁྱོན་ཡོངས་ནས་ཆོས་ལུགས་བཅོས་སྐྱོང་ནན་མོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ། ཆོས་ལུགས་ཀྱི་སྙིང་བོ་ལ་དུས་རབས་ཡར་ཐོན་གྱི་རེ་བ་དང་མཐུན་པའི་འགྲེལ་བཤད་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དམ་འཛིན་བྱས་ཏེ། སློབ་སྦྱོང་དང་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་ཤུགས་བསྐྱེད་དགོས་པ་དང་། ལས་འགན་དང་བྱེད་ཐབས་དངོས་འབེབས་ཞིབ་མོ་བྱེད་པའི་ཐད་ལ་ཤུགས་བསྐྱེད་དགོས་ལ། མཐུན་སྦྱོར་སྒོས་མཉམ་འཛིན་དོ་དམ་ཐད་ལ་ཤུགས་བསྐྱེད་དགོས།

དབྱང་ཧྥིན་ཁྲུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་འགོ་འཛིན་བྱེད་སྐབས་བསྟན་དོན། ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ཏེ་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོད་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་དང་གཅིག་གྱུར་བྱེད་དགོས། གནད་ས་གཅིག་སྡུད་བྱས་ཏེ་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། རྨང་གཞི་འདིང་བ་དང་ཞན་ཆ་ཁ་གསབ་བྱེད་པ། དཀའ་གནད་སེལ་བ། མི་འདང་ས་ལེགས་སྒྱུར་བྱེད་པའི་ཐད་ལ་ཤུགས་བསྐྱེད་དགོས། དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་ཏེ་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་རིགས་གཞུང་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས།

གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།

                                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།