ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2022.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་དགུ་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་བའི་དུས་སྐབས་ཤིག་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རྩིས་བཤེར་ཕྱིར་ལྡོག་གནད་དོན་ལ་དག་ཐེར་བཅོས་སྒྱུར་བྱེད་པ་དང་ཚན་རྩལ་གསར་སྐྲུན། རྒྱལ་སྲུང་སློབ་གསོ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་སྟེང་གནང་བའི་གསུང་བཤད་ལས་རྒྱལ་ཁབ་ཆེན་པོའི་ཁག་ཁུར་དང་རྒྱལ་ཁབ་ཆེན་པོའི་སྤོབས་སེམས། རྒྱལ་ཁབ་ཆེན་པོའི་སྣང་བརྙན་གང་ལེགས་སྒོས་མཚོན་པར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་ཉམས་འགྱུར་དང་སྤོབས་པས་ཁེངས་པའི་བརྩེ་སེམས། དུས་རབས་ལ་སྣེ་ཁྲིད་པའི་གནས་བབ་ཁག་ཁུར་གང་ལེགས་སྒོས་མངོན་པར་བྱས་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་གི་ཕྱི་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་ལ་ཞབས་འདེགས་ཞུ་བ་དང་། རང་འགུལ་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་མཉམ་བསྲེས་དང་ཞབས་འདེགས་ཞུ་དགོས་ལ། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ཞུགས་པ་དང་། རྒྱུན་མཐུད་སྒོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་བར་དུ་བརྗེ་རེས་དང་མཉམ་ལས་གང་མང་བྱས་ནས། བློ་བརྟན་འགྱུར་མེད་སྒོས་སྔར་ལས་མཐོ་བའི་ཆ་ཚད་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་མི་འགྱངས་པར་བསྡུ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་འགྲེམ་སྟོན་ཁང་དུ་ཕེབས་ཏེ་དུས་རབས་གསར་བར་འབད་འཐབ་བྱེད་ཅེས་པ་བརྗོད་སྙིང་ཡིན་པའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བར་དོན་སྙིང་གལ་ཆེན་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་དུས་རབས་གསར་བའི་ལོ་བཅུའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་ཟིན་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་སྣེ་ཁྲིད་དང་དགོངས་པའི་མཛུབ་ཁྲིད་ཁོང་དུ་ཆུད་པར་བྱས་ནས། ལོ་རྒྱུས་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་རང་འགུལ་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་འགྲེམ་ཁུལ་ལ་བརྟེན་པ་དང་ཕྱོགས་བསྡུས་སྒོས་སྣ་མང་བྱེད་ཐབས་དང་རྣམ་པ་བཀོལ་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་གྲུབ་འབྲས་མངོན་པར་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཚན་རྩལ་གསར་སྐྲུན་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། མཚོ་སྔོན་དུ་ཐེངས་གཉིས་ལ་རྟོག་ཞིབ་མཛད་དེ་མཛུབ་སྟོན་གལ་ཆེན་གནང་བ་དང་རེ་བ་ཆེན་པོ་བཏོན་པས། མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། གསར་སྐྲུན་གྱི་བརྒལ་གཏོར་བྱེད་ས་དང་གཞི་འཛིན་ས་འཚོལ་བ་དང་མུ་མཐུད་དུ་ཚན་རྩལ་གསར་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཐོ་སྒང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཅིག་སྡུད་བྱེད་པར་མ་ཟད། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། གསར་སྐྲུན་སྟེགས་བུ་གལ་ཆེན་དང་གསར་སྐྲུན་ལས་གཞི་གལ་ཆེན། གསར་སྐྲུན་ཚོགས་པ་གཙོ་བོ། ལམ་ལུགས་མཁོ་འདོན་གལ་ཆེན་སྐོར་ཞིག་ཇུས་འགོད་བྱེད་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བྲེལ་མྱུར་ཆེ་ཞིང་དགོས་གལ་ཆེ་བའི་གནད་དོན་ལ་དམིགས་པ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོག་ཤིང་ལག་རྩལ་བརྒལ་གཏོར་བྱས་ནས། ཚན་རྩལ་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་དགོས། འཇོན་མིའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་དང་ཁ་གཏད་རོགས་སྐྱོར་སོགས་བྱ་བའི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། སྒོ་འབྱེད་ཀྱི་མཐོང་རྒྱ་དང་བསམ་རྒྱ་ཡངས་པོར་བརྟེན་ནས་ཚན་རྩལ་འཇོན་མིའི་བྱ་བ་བཟང་བོར་བསྒྲུབ་དགོས། དེ་དང་མཉམ་དུ་གོ་སྐབས་འདུ་ཤེས་དང་གཙོ་གཞིའི་འགན་འཁྲི། མཐུན་སྦྱོར་མཉམ་འབྲེལ། དྲིལ་སྒྲོག་སྣེ་ཁྲིད་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་མཐོར་འདེགས་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་འཕར་ས་གསར་བ་གསོ་སྐྱོང་བྱེད་པ། སྐྱེ་ཁམས་རིག་གནས་གནས་སྐོར་གྱིས་དམངས་ལ་ཁེ་ཕན་སྐྲུན་པ། ཚན་རྩལ་གསར་སྐྲུན་རོགས་འདེགས་སོགས་འགུལ་སྐྱོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། མཚོ་ལྷོ་ཁུལ་དེ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་དུ་གསར་སྐྲུན་བྱེད་པའི་བྱ་བ་མྱུར་དུ་ལག་བསྟར་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ནི་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པའི་ནང་དོན་གཙོ་བོ་ཡིན་པས། དམངས་ཡོངས་ལ་ཁ་ཕྱོགས་པ་དང་རིགས་བགར་ནས་སློབ་གསོ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཁེབས་རྒྱ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་དགོས། རྒྱལ་སྲུང་དགོས་མཁོ་དང་དམ་པོར་སྦྲེལ་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་སྲུང་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། རྒྱུན་ལྡན་སློབ་གསོ་དང་གཅིག་བསྡུས་སློབ་གསོ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་སློབ་གསོ་དམངས་ཡོངས་ཀྱིས་ཤེས་པ་དང་ཉམས་ལེན་བྱེད་པར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ཚན་ཆུང་གིས་རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་ཁོངས་གཏོགས་ལས་ཁུངས་སོ་སོས་ཕྱོགས་གཅིག་ཏུ་ཤུགས་བསྐྱེད་པ་དང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ།  རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་སྣེ་ཁྲིད་ནས་རྒྱལ་སྲུང་འགན་འཁྲི་ལག་བསྟར་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ནུས་པ་ཇེ་ཆེར་གཏོང་བ་དང་། རྒྱལ་སྲུང་སློབ་གསོའི་ལས་འགན་སྣ་ཚོགས་དངོས་འབེབས་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་དང་པོའི་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་དང་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་བདུན་དུ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱས་པའི་ཆེད་དོན་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་ཡར་ཞུ་བྱས་པར་ཉན།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།