ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ལས་འགན་གསར་པ་དང་བླང་བྱ་གསར་པར་དམིགས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཁག་སོ་སོས་མཉམ་ལས་མཉམ་སྒྲུབ་བྱེད་པར་ཤུགས་བསྣན་ནས། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། ཚད་ཆེས་མཐོ་བའི་སྒོ་ནས་རིམ་པ་སོ་སོ་དང་ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། ཚད་ཆེས་མཐོ་བའི་སྒོ་ནས་སྤྱི་ཚོགས་ཡོངས་དང་མི་རིགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཉམ་དུ་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་དབྱང་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་དུ་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་གྲུབ་པའི་བརྒྱུད་རིམ་ངོ་སྤྲོད་གནང་། ཁོང་གིས་ཏང་ཕྱིའི་མི་སྣས་གང་བསམ་ལྷུག་བརྗོད་དང་ལྷག་བསམ་ཟོལ་མེད་ཀྱིས་ལྟ་ཚུལ་བརྗོད་ནས། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་བསམ་འཆར་འདོན་རྒྱུའི་རེ་བ་བཏོན།
བཞུགས་མོལ་ཚོགས་འདུའི་སྟེང་དུ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨི་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀའོ་ཧུང་ཅུན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཁོ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསྡུས་པའི་ཚུན་གྱི་ལོ་ལྔ་དང་དུས་རབས་གསར་པའི་ལོ་བཅུ་ནི་ཆེས་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཛ་དྲག་དང་རྙོག་འཛིང་གི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། འཕྲོ་རིམ་འཕྲོར་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་དུ་སྤེལ་ནས། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་དུ་བཅུག་ནས། འོད་སྟོང་འབར་བའི་ལོ་རྒྱུས་བརྩམས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་མ་ཟིན་གྱིས་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འགྱུར་ལྡོག་གི་མཐོ་ཚད་ནས། མ་འོངས་པའི་ལོ་ལྔ་དང་ཐ་ན་དེ་ལས་རིང་བའི་དུས་ཡུན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་བཅས་ལ་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཏེ། བསམ་ཕྱོགས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དེ་ནི། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཚགས་ཤིག་རེད་ཅེས་བཤད། ཁོ་ཚོས་ད་དུང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཐུན་མོང་ངོས་འཛིན་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་སྐད་ཆའི་མ་ལག་བསྐྲུན་པ། འཁོར་རྒྱུག་གཉིས་ཀྱི་གནས་བབ་འོག་ཏུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། བྱང་ཤར་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། འཐབ་ཕྱོགས་གཅིག་གྱུར་དང་སྲིད་ཏང་ལམ་ལུགས་གསར་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་ཕྱིའི་ཤེས་ཡོན་ཅན་གྱི་བསམ་བློ་ཆབ་སྲིད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ། རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། གསར་གཏོད་རྣམ་པའི་ཁེ་ལས་པ་གསོ་སྐྱོང་བྱེད་པ། མཐོ་རིམ་སློབ་གྲྭའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། འཕྲོད་བསྟེན་གྲོན་དངུལ་བརྟན་པོའི་ངང་གཏོང་བའི་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།
ཞི་ཅིན་ཕིང་གིས་ཚང་མས་གཏམ་བཤད་པར་ནན་གྱིས་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་མ་ཟིན་འབྲི་བའི་བྱ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གནས་བབ་གསར་པ་དང་ལས་འགན་གསར་པར་འཚམ་པ་བཅས་ཀྱི་ཚོགས་ཆེན་གྱི་སྙན་ཞུའི་མ་ཟིན་འབྲི་ཆེད། ང་ཚོས་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ནས། བསམ་འཆར་ལ་རྒྱ་ཆེར་ཉན་ཏེ། ཕྱོགས་སོ་སོའི་བློ་གྲོས་གཅིག་སྡུད་བྱས་པ་ཡིན། ཏང་ཕྱིའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཉན་རྒྱུ་ནི་ཆབ་སྲིད་གྲོས་མོལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཏང་ཕྱིའི་མི་སྣས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་བློ་འདོན་ཇུས་འབུལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན།
ཞི་ཅིན་ཕིང་གིས་ད་ལོའི་ཟླ་གཉིས་པའི་ཟླ་སྨད་དུ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངགས་བཅོལ་བྱས་ཏེ། ཆེད་དུ་ཏང་ཕྱིའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་གྲོས་གཞིར་བཏོན་པའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པ་དང་། ཚང་མས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་མི་ཉུང་བ་བཏོན་ཡོད། ད་ལོའི་ལོ་སྟོད་ནས་བཟུང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་རྟོག་དཔྱོད་ཞིབ་འཇུག་བྱས་པས། སྤུས་ཚད་མཐོ་བའི་རྟོག་དཔྱོད་ཞིབ་འཇུག་གི་གྲུབ་འབྲས་ཁག་ཅིག་གྲུབ་པ་དང་། རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་ཡོད། ད་ཅི་ཚང་མས་གཏམ་བཤད་སྐབས་གྲོས་གཞི་ཧ་ཅང་བཟང་བོ་བཏོན་ཡོད་པས། ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་རྒྱུ་ཡིན་ཞེས་ནན་གྱིས་བསྟན། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་ཐུགས་རྗེ་ཆེ་ཞུས།
ཞི་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན། དུས་རབས་གསར་པའི་ལོ་བཅུའི་རིང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེ་ནི། ཀྲུང་གུང་ཀྲུང་དབྱང་གིས་མགོ་ཁྲིད་བརྟན་པོ་བྱས་པའི་འབྲས་བུ་ཡིན་པ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚུད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིས་མཉམ་དུ་་འབད་བརྩོན་བྱས་པའི་འབྲས་བུ་ཡང་ཡིན་ཞེས་བསྟན།
ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་ལས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་དང་འབད་འཐབ་ཀྱི་དམིགས་འབེན། འཐབ་ཇུས་ཀྱི་བཀོད་སྒྲིག་བཅས་ལ་དམ་པོར་དམིགས་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་གསོན་ཉམས་ལྡན་པའི་རྣམ་པ་གྲུབ་པར་བྱེད་དགོས་ལ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་རང་རྟོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་དང་སྤྱི་ཚོགས་ཀྱི་འགལ་བ་སེལ་བ། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་རང་སོ་སོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པར་མ་ཟད། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་ཏུ་སྤེལ་ནས། ཆབ་སྲིད་རང་བཞིན་དང་རྒྱུན་འཛིན་རང་བཞིན། ཁ་གཏད་རང་བཞིན། དངོས་ཕན་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཏེ། ཏང་དང་སེམས་པ་གཅིག་མཐུན་ཡོང་བར་བྱེད་པ་དང་རྒྱལ་གཅེས་དམངས་གཅེས། ཟོལ་མེད་མཉམ་ལས། ལས་བཀུར་སྐྱེས་འབུལ་བཅས་ཀྱི་ཏང་མང་མཉམ་ལས་ཀྱི་གོམས་སྲོལ་བཟང་པོ་རྒྱུན་འཛིན་བྱེད་དགོས་པའི་ཐུགས་རེ་བཏོན།
ཏིན་ཞུའེ་ཞང་དང་ཝང་ཁྲིན། ལིའུ་ཧི། ཞུས་ཆི་ལེང་། སུན་ཁྲུན་ལན། དབྱང་ཞའོ་ཏུའུ། ཁྲིན་ཞི། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཡིའུ་ཆོན། ཝང་དབྱི། ཞའོ་ཅེ། ཀྲང་ཆིན་ལིས། ཞ་པའོ་ལུང་། ཧི་ལིས་ཧྥུན། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུར་ཞུགས་མཁན་གྱི་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཀྲིན་ཅན་པང་དང་ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཅང་ཙོ་ཅུན། ལིས་ཡུའེ་ཧྥུན། ཧོང་ཡུས་ཀོང་སོགས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།