ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཟླ་བཅུ་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གསུམ་པ་བསྡུས། ཏང་གི་འཐུས་མི་ལྔ་ཡིས“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་ཀྲུང་གོ་འབད་པས་བསྐྲུན་དགོས”ཞེས་པའི་བརྗོད་དོན་ལ་དམ་པོར་དམིགས་ནས། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། གསར་འགོད་པའི་དྲི་བར་ལན་བཏབ།
ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དབྱིན་པའེ་ཡིས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཁྲིད་སྟོན་འོག་ཏུ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་བཏང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་རྣམ་པ་ཕལ་ཆེར་གྲུབ་པར་བྱས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་མྱུར་དུ་སྐུལ་འདེད་བཏང་བ་དང་། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཐད་གོང་འཕེལ་ཆེན་པོ་བྱུང་ཞིང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་གྱི་ཁྲིམས་སྐྱོང་འགན་ལེན་སྔར་ལས་སྲ་བརྟན་དུ་བཏང་བ་ངོ་སྤྲོད་བྱས།
ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། དུས་རྒྱུན་གྱི་བྱ་བའི་འགན་ཁུར་བའི་ཡོན་ཀྲང་གཞོན་པ་ཧི་རུང་གིས། གོ་རིམ་རྗེས་མར་རང་རྒྱལ་གྱིས་ཁྲིམས་འཛིན་དྲང་གཞག་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ཐད་ཀྱི་བྱེད་ཐབས་གསར་པ་དང་བསམ་ཕྱོགས་གསར་པ་ངོ་སྤྲོད་བྱས།
ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། དུས་རྒྱུན་གྱི་བྱ་བའི་འགན་ཁུར་བའི་ཞིབ་དཔྱོད་དཔོན་པོ་གཞོན་པ་ཐུང་ཅན་མེན་གྱིས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ཐོབ་ཚོར་སྔར་ལས་ཆེ་རུ་བཏང་བའི་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
སྤྱི་བདེ་པུའུ་ཡི་ཏང་ཨུའི་ཨུ་ཡོན། པུའུ་ཀྲང་གཞོན་པ། གནས་སྤོར་སྡོད་དམངས་ཅུའུ་ཡི་ཅུའུ་ཀྲང་ཞུའུ་ཀན་ལུའུ་ཡིས། སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོང་བྱས་པའི་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
ཁྲིམས་འཛིན་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཙོ་ལིས་ཀྱིས། རང་རྒྱལ་གྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དུ། ད་དུང་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོབ་དང་། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་སོགས་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།
བན་དེ་སྐྱབས་ཀྱིས་བསྒྱུར།