མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་དང་ཞིབ་སྡུར་བྱས།
2022.10.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བཅས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་བའི་གྲོས་ཚོགས་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་མཇལ་འཕྲད་གནང་སྐབས་བཅས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། ཞིབ་སྡུར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་ཤིང་། སློབ་སྦྱོང་དང་ལག་བསྟར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཅིག་གྱུར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་གཉིས་ཚོགས་ཆེན་གྱིས་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་སྟེང་གཅིག་ཏུ་བསྡུ་བ། བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་བསྒྲུབ་པ་དང་ཁག་ཁུར་འབད་འཐབ་བྱས་ནས། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་གནས་ཚུལ་གསར་བ་དང་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་དར་ཆ་མཐོན་པོར་བསྒྲེང་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བ། མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྒྱུད་རིམ་ཁྲོད་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྙན་ཞུ་ཕུལ་བ་དང་། ཏང་དང་མི་དམངས་ཀྱི་རིག་སྟོབས་ཀྱི་ཉིང་བཅུད་དང་། ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གསར་བ་བརྩོན་ལེན་བྱེད་པའི་ཆབ་སྲིད་ཀྱི་སྒྲོག་གཏམ་དང་འགུལ་སྐྱོད་ཀྱི་རྩ་གནད། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཚགས་བཅས་ཡིན། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡིས། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་གསལ་སྟོན་བྱས་པ་དང་། ཏང་ནམ་ཡང་ལམ་དུ་ཡོད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོད་སེམས་བརྟན་པོ་གསལ་བསྒྲགས་བྱས། ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་ཏང་གི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་བ་མངོན་པར་བྱས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བའི་ཐད་ཆབ་སྲིད་དང་བསམ་བློ། རྩ་འཛུགས་སྟེང་གི་གྲ་སྒྲིག་བཟང་བོ་བྱས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་སྐབས་གསར་བའི་ཀྲུང་དབྱང་གི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་ལ། དེས་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པ་དང་། མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་གི་སེམས་འདུན་མཚོན་ལ། ང་ཚོ་ཏང་ལ་སྐྱེ་སྟོབས་འབར་བ་དང་དར་རྒྱས་གོང་འཕེལ་དང་ཡར་རྒྱས་བརྩོན་ལེན་གྱི་རྣམ་པ་མངོན་པར་བྱས་ཡོད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ངོ་བོར་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་དང་ཆ་ཚང་བྱེད་དགོས། རླབས་ཆེན་གྱི་འཕོ་འགྱུར་ཁྲོད་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། གཏན་ཕབ་གཉིས་ལ་བརྩི་སྲུང་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ལོ་རྒྱུས་ཀྱི་འགན་འཁྲི་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་ཆེས་གསར་བས་བསམ་བློར་དྲག་ཆས་སྤྲས་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་ལས་འགན་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གི་རེ་བར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་དགོས། རླབས་ཆེན་བཟོ་སྐྲུན་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་རླབས་ཆེ་བའི་རང་ངོས་གསར་བརྗེ་ཡིས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་རེ་བ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དུས་ནམ་ཡང་ཏང་ཆེན་གྱི་དམིགས་བསལ་དཀའ་གནད་ཐག་གཅོད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་དགོས། དུས་རབས་ཀྱི་རེ་བ་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་མཐུན་སྒྲིལ་འབད་བརྩོན་གྱི་སྙིང་སྟོབས་ཀྱི་གོ་དོན་གཙོ་བོར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ངེས་པར་གསུམ་གྱི་རེ་བ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ལྔའི་ཉམས་མྱོང་སྐུལ་སློང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འབད་བརྩོན་ལྷོད་མེད་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས།

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། གཟེར་འདེབས་སྙིང་སྟོབས་ཀྱིས་ལག་བསྟར་བྱ་བ་དམ་འཛིན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གནས་བཞི་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་དགོས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཚན་རིག་སློབ་གསོར་བརྟེན་ནས་རྒྱབ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་གནད་འགག་དུས་རིམ་འབུར་དུ་ཐོན་པར་བྱེད་པ། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་པ། ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་རྒྱུན་མ་ཆད་པར་གསར་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་དང་། འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་ཅི་ཡོད་འདོན་པ་དང་རང་ནུས་ཅི་ལྕོགས་བྱེད་པ་རྒྱུན་འཁྱོངས་བྱས་ནས། མི་རིགས་སོ་སོ་མཉམ་དུ་ཕྱུག་པོར་བསྒྱུར་བའི་རྒྱུད་རིམ་ཁྲོད་གཅིག་ཀྱང་མེད་མི་རུང་བ་དང་གཅིག་ཀྱང་མི་ལུས་པར་ཁག་ཐེག་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ལག་བསྟར་ནན་མོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་དང་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཐབ་རྩོད་ཀྱི་བློ་རྩ་ཇེ་བརྟན་དུ་གཏོང་བ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་བཏང་སྟེ། སྲིད་གཞུང་གི་ཁོངས་གཏོགས་སུ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་ཚིགས་བཞི་བ་ནི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་མཁྲེགས་གཏོར་དུས་སྐབས་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔར་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་ཟུང་འབྲེལ་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལོ་ཧྲིལ་བོའི་བྱ་བའི་མཇུག་བཟང་བོ་བསྡུ་བ། རིམས་ནད་འགོག་སྡོམ་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འབྲུ་རིགས་ནུས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། དམངས་ཚིས་རྒྱུན་མཐུད་ངང་འགན་སྲུང་དང་ལེགས་བསྒྱུར་བྱེད་པ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། སྔ་མོ་ནས་སང་ལོའི་བྱ་བ་གཙོ་བོར་འཆར་འགོད་བྱེད་པ། ཧུར་ཐག་གིས་གྲུབ་འབྲས་ཆེས་བཟང་བོ་བརྩོན་ལེན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

རིན་ཆེན་མཚོས་བསྒྱུར།