ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་རུ། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། རིམས་ནད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། རིམས་ནད་འགོག་སྡོམ་གྱི་བྱ་བ་གཙོ་བོར་བཀོད་གཏོང་བཀོད་སྒྲིག་བྱས། རྟོག་ཞིབ་སྐབས་སུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་དམིགས་འབེན་གཙིགས་སུ་འཛིན་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཡོད་ཀྱི་གཅིག་འདོམས་བྱེད་པ། འགོག་སྡོམ་བྱེད་ཐབས་རྒྱུན་མ་ཆད་པར་ལེགས་སྒྲིག་བྱེད་པ། མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ལ་འགན་སྲུང་བྱེད་པ། འགན་འཁྲི་ཡང་བསྐྱར་གཏན་ཁེལ་གསལ་བོ་བྱེད་པ། བྱ་བའི་ཐད་ནས་ཡང་བསྐྱར་ཞིབ་ལྟ་བྱེད་པ། བྱེད་ཐབས་སྟེང་ཡང་བསྐྱར་གནད་ལ་འཁེལ་བར་བྱེད་པ། མཁོ་འདོན་འགན་སྲུང་སྟེང་ཡང་བསྐྱར་ཇེ་ཞིབ་ཏུ་གཏོང་བ། སྤྱོད་ཚུལ་སྟེང་ཡང་བསྐྱར་ལེགས་སྒྱུར་བྱས་ནས། ཚན་རིག་དང་མཐུན་པ་དང་ཕན་འབྲས་ལྡན་པའི་བྱ་བར་བརྟེན་ནས་སྐོར་ཐེངས་འདིའི་རིམས་ནད་མྱུར་དུ་འགོག་སྡོམ་བྱེད་དགོས།
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མིག་སྔར། རང་ཞིང་རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་པ་དང་རང་ས་ཆའི་རིམས་ནད་ཡང་དང་བསྐྱར་དུ་འབྱུང་བའི་ཉེན་ཁར་འཕྲད་ཡོད་པ་དང་། འགོག་སྡོམ་གནས་བབ་སྔར་བཞིན་ཧ་ཅང་ཛ་དྲག་དང་རྙོག་འཛིང་ཆེ་བས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཚད་མཐའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྙིང་སྟོབས་ཆེར་བསྐྱེད་པ། སྟོབས་ཤུགས་ཡོད་རྒུས་ཕྱོགས་བཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྔ་མོ་བཞིའི་རེ་བ་རྒྱུན་འཁྱོངས་བྱེད་པ། བསྒྲུབ་འོས་པ་བཞི་ལག་བསྟར་བྱེད་པ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་ཕན་ལྡན་གཅིག་འདོམས་བྱེད་པ། དུས་རིམ་སོ་སོའི་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པ། རིམས་ནད་འགོག་སྡོམ་གྱི་ཆབ་སྲིད་འགན་འཁྲི་དང་གཙོ་གཞི་འགན་འཁྲི། ཁོངས་གཏོགས་ས་ཆའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་བླངས་ནས། རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་དགོས།
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མིག་སྔའི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་ན། ཞིང་ཆེན་དང་གྲོང་ཁྱེར་གྱི་འགོག་སྡོམ་ཐོན་ཁུངས་སྙོམས་སྒྲིག་བཀོལ་སྤྱོད་བྱེད་པར་གཅིག་འདོམས་བྱེད་པ་དང་། ལོགས་བཀར་བྱེད་ས་རྒྱ་བསྐྱེད་པ། འགོག་སྡོམ་སྟོབས་ཤུགས་ཉར་གསོག་བྱས་ནས། བྱ་བའི་རང་འགུལ་ཁོང་དུ་ཆུད་པར་བྱེད་དགོས། སྤུས་ཚད་མཐོ་བའི་ངང་ཉིང་སྐྱུར་བཤེར་འཇལ་དང་རིམས་ནད་བརྟག་དཔྱད་དང་འགོ་ཁུངས་འཚོལ་བ། ལོགས་བཀར་བརྒྱུད་སྐྱེལ་དང་སྡོད་ཁུལ་དོ་དམ་ཚོད་འཛིན་བྱ་བ་སྤེལ་ནས། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ་དང་། ཆད་ལྷག་མེད་པར་བྱེད་པ་དང་སྔ་མོ་ནས་རྙེད་པ་དང་མྱུར་དུ་ཐག་གཅོད་དགོས། དུས་ཐོག་ཏུ་ཕྱིར་ལྟ་སྤྱི་སྡོམ་བྱེད་པ་དང་ནད་དཔེ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། སྐྱོན་ཆ་འཚོལ་བ་དང་ཞན་ཆ་ཁ་གསབ་བྱེད་པ། ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། བྱེད་ཐབས་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ། ས་ཁུལ་དང་རིགས་བགར་ནས་ཐག་གཅོད་པ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་འགོག་སྡོམ་ཆུ་ཚད་མཐོར་འདེགས་བཏང་སྟེ། རིམས་ནད་ཕྱི་རུ་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་མ་ཟད། རིམས་ནད་ཡང་བསྐྱར་འབྱུང་བ་དང་གཞི་ཁྱོན་རང་བཞིན་དང་འདུ་རུབ་རང་བཞིན་གྱི་རིམས་ནད་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གཞི་གྲངས་མཉམ་སྤྱོད་དང་ཆ་འཕྲིན་སྦྲེལ་མཐུད་བྱ་བ་བཟང་བོར་སྒྲུབ་ནས། རིམས་ནད་འགོག་སྡོམ་ཇུས་ཆོད་ཀྱི་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན། ཕན་ཡོད་རང་བཞིན་མཐོར་འདེགས་གཏོང་དགོས། ཇུས་གཞི་དགུ་པའི་རེ་བ་ལྟར། བརྒྱུད་རིམ་བཀོད་སྒྲིག་དང་ལག་བསྟར་ཚད་གཞི་སྔར་ལས་ཇེ་གསལ་དུ་བཏང་ནས། བྱ་བའི་ཐད་ནས་སྟོབས་ཤུགས་ལྡན་པ་མ་ཟད་དྲོད་ཁོལ་ལྡན་པར་བྱེད་དགོས། འཚོ་བའི་དངོས་ཟོག་མཁོ་འདོན་འགན་སྲུང་དམ་འཛིན་བྱེད་པ་དང་། ཆ་རྐྱེན་ལྡན་པའི་ཚོང་ར་ཆེན་པོ་མྱུར་དུ་སྒོ་འབྱེད་པ་མ་ཟད། ཚོང་རའི་ལས་གཉེར་དུས་ཡུན་འོས་འཚམ་སྒོས་རྒྱུན་བསྲིང་ནས། དངོས་ཟོག་ཉོ་སྒྲུབ་ཀྱི་དུས་ཚོད་གཅིག་བསྡུས་ཡིན་པ་དང་མི་སྣ་མང་དྲག་པར་བཀག་འགོག་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་རིམས་ནད་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་དྲིལ་སྒྲོག་འགྲེལ་ཀློག་བྱ་བ་བཟང་བོར་སྒྲུབ་ནས། དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ལ་ལན་འདེབས་དགོས། བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་དང་། བྱ་བ་སྟབས་བདེ་ཅན་དུ་བསྒྱུར་བ་དང་དབྱེ་བ་མི་འབྱེད་པ། རིམ་པ་བཞིན་གོང་སྤར་བར་བཀག་འགོག་བྱས་ཏེ། ནན་ཏན་མིན་པ་དང་དངོས་གཉེར་མི་བྱེད་པ། ལག་བསྟར་མི་བྱེད་པའི་སྤྱོད་ཚུལ་བཅོས་སྐྱོང་བྱེད་དགོས། རིམས་ནད་འགོག་སྡོམ་བཀོད་འདོམས་མ་ལག་དང་ཆེད་དོན་ཚན་ཁག་འཁོར་རྒྱུག་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཞི་གཅིག་ཅན་གྱི་མཉམ་ལས་དང་རིམ་ཉུང་ཅན་གྱི་དོ་དམ་དོན་འཁྱོལ་བྱས་ནས། ཕན་ལྡན་བཀོད་འདོམས་དང་མགྱོགས་མྱུར་འཁོར་རྒྱུག་ལ་ཁག་ཐེག་བྱེད་དགོས།
ཁྲིན་རུའེ་ཧྥིན་དང་ཝང་ཏ་ནན། ཀྲུའུ་ཞང་ཧྥིན། ཁོང་ཡུང་བཅས་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།