ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་དུ་རིམས་ནད་འགོག་སྡོམ་བྱ་བ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་ལག་བསྟར་བྱེད་པའི་ཐད་ནས་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས།
2022.11.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་རིམས་ནད་འགོག་སྡོམ་བྱ་བ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་ལག་བསྟར་བྱེད་པའི་ཐད་ནས། ཟི་ལིང་གྲོང་ཁྱེར་ར་བའི་ཁུལ་གྱི་ཁེ་ལས་དང་གཞིས་ཁུལ། སློབ་གྲྭ ལོགས་བཀར་བྱེད་ཡུལ་སོགས་སུ་སོང་ནས་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས། རྟོག་ཞིབ་སྐབས་སུ་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་རིམས་ནད་འགོག་སྡོམ་བྱ་བ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། གནད་ཕིགས་དང་ལེགས་ཞིབ། རྒྱུན་རྣམ་ཅན་གྱི་རེ་བ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་གཏན་ཁེལ་དང་རིམ་བགར་འགན་ཁུར། རིགས་བགར་ཇུས་བསྟར་བྱེད་པ། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་བཏང་སྟེ། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས།

ཞིན་ཁྲང་ཞིང་ནན་ཁྲོན་བཟོ་ལས་ར་བའི་ཁུལ་ཨ་ཐི་སི་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་སོང་ནས། ཁེ་ལས་ཀྱི་རིམས་ནད་འགོག་སྡོམ་དང་ཐོན་སྐྱེད་བདག་གཉེར་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་ནས་ནན་གྱིས་བསྟན་དོན། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཡོད་གཅིག་འདོམས་བྱེད་པའི་གཙོ་གནད་ཁེ་ལས་སུ་ཡོད་པས། ར་བའི་ཁུལ་གཅིག་ལ་སྲིད་ཇུས་གཅིག་དང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དོ་དམ་རིམ་པ་ནས་འཁོར་ཁང་ཚན་ཆུང་དང་ཡུལ་དངོས་ཀྱི་ལས་བཟོ་བའི་འགོག་སྡོམ་མ་ལག་འཛུགས་པ། གནད་འགག་ལས་རྐང་དང་གནད་འགག་ལས་རིམ་གྱི་ལས་བརྗེ་ལས་གྲབས་ལམ་ལུགས་འཐུས་ཚང་དུ་བཏང་ནས། འགོག་སྡོམ་བྱེད་ཐབས་རྣམས་ལས་རིམ་སོ་སོ་དང་ལས་རྐང་སོ་སོ། དུས་རིམ་སོ་སོའི་ཁྲོད་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་པ་དང་འོས་འཚམ་སྒོས་ལས་ཐོན་སླར་གསོ་དང་རྒྱུན་ལྡན་གྱི་ཐོན་སྐྱེད་བཀོད་སྒྲིག་བྱེད་དགོས། ར་བའི་ཁུལ་གྱིས་རང་འགུལ་སྒོས་སྔ་མོ་ནས་ཞབས་འདེགས་ཞུ་བ་དང་། ཁེ་ལས་ཀྱི་རིགས་སོ་སོའི་ཐོན་སྐྱེད་རྒྱུ་རྐྱེན་གྱི་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས།

རྒྱལ་ཁབ་མུའུ་སི་ལིན་ནོར་ལུག་ཉར་གསོག་མཛོད་ཁང་མཚོ་སྔོན་ཡུས་ཐའེ་ཕྱུགས་ལས་ཐོན་རྫས་ཚད་ཡོད་ཀུང་ཟི་རུ། ཞིན་ཁྲང་ཞིང་གིས་འབྲེལ་ཡོད་གནས་ཚུལ་གསལ་བོར་དྲིས་ནས་ནན་གྱིས་བསྟན་དོན། དུས་ཐོག་ཏུ་ཚོང་རའི་འཁོར་རྒྱུག་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་པ་དང་། དངོས་ཟོག་ཉར་གསོག་བཀོད་སྒྲིག་སོགས་བྱ་བ་བཟང་བོར་བསྒྲུབ་པ། ཕྱུགས་ཟོག་སྐྱེལ་འདྲེན་དང་བཤས་གཏོང་། ལས་སྣོན་སོགས་དུས་རིམ་གྱི་རིམས་འགོག་བྱེད་ཐབས་ལ་ཤུགས་བསྣན་ནས། མཁོ་འདོན་འགན་སྲུང་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས། པེ་ཅིང་ཧྭ་ལེན་ཀྲུང་ཧྥ་ཡོན་སྒོ་ཕྱིའི་ཚོང་ར་རུ། གྲོང་ཁྱེར་སྡོད་མིས་གྲལ་སྒྲིག་ནས་འཚོ་བའི་ཉེར་མཁོ་དངོས་རྫས་ཉོ་སྒྲུབ་བྱེད་བཞིན་པ་མཐོང་བ་ན། ཞིན་ཁྲང་ཞིང་གིས་ནམ་ཟླ་ཇེ་འཁྱག་ཏུ་འགྲོ་བཞིན་ཡོད་པས། ལས་བྱེད་པ་ཚོས་དངོས་རྫས་མཁོ་འདོན་བྱེད་ས་ཉི་འོད་རྒྱག་ས་རུ་འཛུགས་པ་དང་། འགོག་སྡོམ་སྔར་ལས་ལེགས་ཞིབ་ཏུ་བསྒྱུར་བ་དང་ཞབས་ཞུ་ཐད་ནས་སྔར་ལས་དྲོད་ཁོལ་ལྡན་པར་བྱེད་རྒྱུ་ནན་མངགས་བྱས། མཁར་དཀྱིལ་ཁུལ་ཙུང་ཀྲེ་གྲོང་རྡལ་ཧྥིན་ཙི་ཡོན་སྡོད་ཁུལ་གྱི་ཐོག་བརྩེགས་གཉིས་པ་ནི་ཉེན་ཁ་ཆེ་བའི་ས་ཁུལ་དུ་གཏན་འབེབས་བྱས་ཡོད། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཉེན་ཁ་ཆེ་བའི་ས་ཁུལ་གྱི་དབྱེ་འབྱེད་ཚད་གཞིར་ཞིབ་བསྡུར་བྱས་ནས། འགོག་སྡོམ་སྡེ་ཚན་དང་ཐོག་ཁང་སྟེང་གཏན་འབེབས་བྱེད་པ་ལས། རང་དགར་དུ་རྒྱ་བསྐྱེད་མི་རུང་བ་དང་། ཆ་རྐྱེན་དང་མཐུན་པ་དག་དུས་ཐོག་ཏུ་བཀག་སྡོམ་ལས་གློད་དགོས། སྔ་བ་བཞིའི་རེ་བ་ལག་བསྟར་བྱེད་པ་དང་། རྨང་གཞིའི་བྱ་བ་བཟང་བོར་བསྒྲུབ་པ། རིམས་ནད་བྱུང་ཚེ་མྱུར་དུ་བཀག་སྡོམ་བྱས་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས།

ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་གླིང་དུ། ཞིན་ཁྲང་ཞིང་གིས་མི་སྣའི་ལས་རེས་དང་བདེ་ཐང་བདེ་འཇགས་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། དམིགས་བསལ་ཁྱབ་ཁོངས་དང་དམིགས་བསལ་མི་ཚོགས་ལ་ཁ་གཏད་དེ་བྱ་བའི་ཆེད་དོན་ཚན་ཁག་གི་རྐྱེན་སྲོལ་ཇེ་དྲག་ཏུ་གཏོང་བ་དང་། ཉེར་མཁོའི་དངོས་ཟོག་དུས་ལྟར་དང་བདེ་འཇགས། འདང་ངེས་བཅས་ཀྱི་སྒོ་ནས་ཁ་གསབ་བཀོད་སྒྲིག་བྱེད་པ། ནད་སྟོན་སྨན་བཅོས་ཀྱི་ལྗང་མདོག་བགྲོད་ལམ་གེགས་མེད་ཡོང་བར་བྱས་ཏེ། ཕྱོགས་སོ་སོའི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མཚོ་སྔོན་སློབ་ཆེན་སྨན་བཅོས་པུའུ་ཁུ་ནུ་ལམ་སློབ་ཁུལ་དུ། ཞིན་ཁྲང་ཞིང་གིས་སློབ་མ་དང་ཁྱིམ་བདག སྤྱི་ཚོགས་ལ་འགན་མཐོན་པོ་ཁུར་བའི་རྣམ་འགྱུར་གྱིས་བྱེད་ཐབས་ཇུས་གཞི་དང་སློབ་མགོ་རྩོམ་པའི་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་འགོག་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སློབ་རའི་བདེ་ཐང་བདེ་འཇགས་འགོག་མཚམས་མཐའ་གཅིག་ཏུ་བརྟན་སྲུང་བྱས་ནས། བདེ་བླག་ངང་སློབ་མགོ་རྩོམ་པའི་ཐད་གྲ་སྒྲིག་སྣ་ཚོགས་བྱེད་དགོས། མཁར་ཤར་ཁུལ་གཅིག་བསྡུས་ལོགས་བཀར་ལྟ་ཞིབ་བྱེད་ས་རུ། ཞིན་ཁྲང་ཞིང་གིས་ལས་བྱེད་མི་སྣས་ཚན་རིག་དང་མཐུན་པ་དང་ཚད་དང་ལྡན་པའི་སྒོ་ནས་ཉིན་རྒྱུན་གྱི་དུག་སེལ་དང་བདེ་ཐང་ལྟ་ཞིབ། མི་སྣའི་རྩིས་སྤྲོད་རྩིས་ལེན་སོགས་བྱ་བ་བཟང་བོར་བསྒྲུབ་པ་དང་། ལོགས་བཀར་མི་སྣར་སེམས་ཁུར་དང་ཞབས་ཞུ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་བར་མ་ཟད། ལས་བྱེད་མི་སྣས་རང་ངོས་འགོག་སྲུང་བཟང་བོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལས་རེས་ངལ་གསོ་བྱེད་རྒྱུ་ནན་མངག་བྱས།

ཀྲུའུ་ཞང་ཧྥིན་རྟོག་ཞིབ་ཁྲོད་ཞུགས།