ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་བྱ་བའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། ཉེ་ལམ་གྱི་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་མ་ཟད། མིག་སྔའི་རིམས་ནད་འགོག་སྡོམ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས། ང་ཚོས་མིག་སྔའི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེངས་ནས། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རིམས་ནད་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཐབས་ཇུས་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལག་བསྟར་བྱེད་པ། པར་རིམ་དགུ་པ་རྒྱུན་འཁྱོངས་དང་ཁག་ཉི་ཤུ་པ་ལག་བསྟར་བྱེད་པ། གཡོ་འགུལ་མི་བྱེད་པ་དང་འགྱུར་བ་མེད་པར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ། བྱེད་ཐབས་སྣ་ཚོགས་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ནས། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་འགོག་སྡོམ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་གནོད་པ་ཇེ་ཆུང་དུ་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐད་ནས་ད་དུང་རིམས་ནད་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་ཕྱོགས་གཉིས་ཀྱི་གནོན་ཤུགས་ལ་འཕྲད་པ་དང་། གནས་བབ་སྔར་བཞིན་རྙོག་འཛིང་དང་ཛ་དྲག་ཆེ་བས། ངེས་པར་དུ་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ཁག་ཁྱད་སེལ་བྱེད་པ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་འགུལ་རྣམ་གཙང་སེལ་གྱི་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་དགོས། མགྱོགས་མྱུར་ལ་རྐང་འཛུགས་པ་དང་། རིམས་ནད་ཐག་གཅོད་ཀྱི་དུས་རིམ་སོ་སོའི་བྱ་བའི་ལས་ཆོད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། གཙོ་གནད་མི་སྣ་དང་གཙོ་གནད་སྡེ་ཁག གཙོ་གནད་ཡུལ་གནས་ལ་ཁ་གཏད་དེ། འགོག་སྡོམ་བྱེད་ཐབས་སྔར་ལས་ལེགས་སྒྱུར་བྱེད་པ། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། དུས་ཐོག་ཏུ་ཞན་ཆ་ཁ་གསབ་བྱེད་པ། རིམས་ནད་བརྒྱུད་མཆེད་མཐའ་གཅིག་ཏུ་ཚར་གཅོད་པ། སྟོབས་ཤུགས་ཡོད་རྒུས་ཟི་ལིང་གི་རིམས་ནད་འགོག་སྡོམ་ཚར་གཅོད་དམག་འཐབ་བཟང་བོར་སྤེལ་ནས། གོ་རིམ་ལྡན་པའི་ངང་སྤྱི་ཚོགས་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས། ཡང་དག་ལ་རྐང་བཙུགས་ནས། རིམས་ནད་འགོག་སྡོམ་ཐད་ཀྱི་ཚན་རིག་དང་གནད་ཕིགས་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། རིམ་པ་བཞིན་ཆ་རྐྱེན་སྣོན་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པར་མ་ཟད། བྱེད་ཐབས་ལེགས་སྒྱུར་བྱེད་པར་ཁ་གཡར་ནས་འགོག་སྡོམ་གྱི་རེ་བ་ལྷོད་པར་བཀག་འགོག་བྱས་ནས། ལྷོད་གཡེང་གཏན་ནས་མི་བྱེད་པར། འདུ་རུབ་རང་བཞིན་གྱི་འགོས་མཆེད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། བཀག་འགོག་ལ་རྐང་བཙུགས་ཏེ། སྔ་མོ་བཞིའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། འགྲོ་འོང་མི་སྣ་དང་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར། ཉེན་ཁ་ཅན་གྱི་ས་ཆ་གཙོ་བོ་བཅས་ཀྱི་འགོག་སྡོམ་གྱི་དྲ་རྒྱ་ཆེན་པོ་གསུམ་བརྟན་པོར་འཛུགས་པ། རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བཤེར་འཇལ་རྒྱུན་འཁྱོངས་བྱེད་པ། འགོ་ཁུངས་ཀྱི་ལྟ་ཞིབ་ཉེན་བརྡའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་ཤུགས་བསྣན་ནས། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ལེགས་ཞིབ་ལ་རྐང་བཙུགས་ནས། དུས་ཐོག་ཏུ་མང་ཚོགས་ཀྱི་ཞུ་གཏུག་ལ་ལན་འདེབས་པ་དང་། སྟོབས་ཤུགས་ཡོད་རྒུས་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་ལམ་བུ་དང་དངོས་ཟོག་སྐྱེལ་འདྲེན་གེགས་པ་མེད་པར་བྱེད་པ། སེམས་ཤུགས་གཅིག་ཏུ་བསྡུས་ནས་མང་ཚོགས་ཀྱི་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པ། རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་མི་སྣར་སེམས་ཁུར་དང་གཟིགས་སྐྱོང་བྱེད་པར་ཤུགས་སྣོན་པ། དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱེད་པ། སྒྲིག་བསྟར་ཁྲིམས་འཛིན་ལ་ཤུགས་སྣོན་པ། ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས།
ཚོགས་ཐོག་ནས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་འགོག་སྡོམ་ཐད་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཏང་སྲིད་འགན་གཅིག་དང་མཉམ་འཛིན་མཉམ་སྡོམ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ས་སྲུང་འགན་ཡོད་དང་ས་སྲུང་འགན་བསྟར་བྱེད་པ། འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ། ཁོངས་གཏོགས་ས་ཆ་དང་སྡེ་ཁག ལས་ཁུངས། མི་སྒེར་བཅས་ཕྱོགས་བཞིའི་འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགོག་སྡོམ་མ་ལག་སྔར་ལས་ཇེ་བརྟན་དུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།