ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཁར་བྱང་ཁུལ་གྱི་གནས་སྐབས་ཀྱི་འགོག་སྡོམ་སྡེ་ཁུལ་དང་ཚོང་ར། ལོགས་བཀར་བྱེད་ས་སྐོར་ཞིག་ལ་སོང་ནས། རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། རིམས་འགོག་ཡུལ་དངོས་ཀྱི་མི་སྣར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། མིག་སྔའི་རིམས་ནད་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བྱེད་ཐབས་སྣ་ཚོགས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས།
མཁར་ཤར་ཁུལ་ཞ་ཏུའུ་གཞིས་ཁུལ་དང་མཚོ་བོད་ལྕགས་ལམ་གཞིས་ཁུལ། ཐའེ་ཉིང་གཞིས་ཁུལ། མཁར་བྱང་ཡང་ཀོང་ལིས་ཅིན། ཏིན་ཨན་མིན་ཁྲིན་གཞིས་ཁུལ་བཅས་སུ། ཝུའུ་ཞའོ་ཅུན་གྱིས་རིམས་འགོག་ཡུལ་དངོས་ཀྱི་མི་སྣ་དང་བརྗེ་རེས་ཟབ་མོ་བྱས་པ་དང་། འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པ་དང་འཚོ་བའི་དངོས་ཟོག་གི་ཞབས་ཞུ་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། ཁོ་ཚོར་འཚམས་འདྲི་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། མང་ཚོགས་ཀྱི་རེ་འདོད་དང་ཞུ་གཏུག་ལ་ཉན་པར་དོ་སྣང་བྱེད་པ། སེམས་ཤུགས་གཅིག་ཏུ་བསྡུས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ། འཚོ་བའི་དངོས་ཟོག་མཁོ་འདོན་ལ་ཤུགས་སྣོན་པ། དུས་ཐོག་ཏུ་མང་ཚོགས་ཀྱི་ཡར་ཞུ་བྱས་པའི་གནད་དོན་ལ་ལན་འདེབས་པ་དང་ཐག་བཅད་དེ། ཉེན་ཁ་ཕྱིར་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་སེམས་ཁུར་གཟིགས་སྐྱོང་བྱེད་པ་དང་། བདེ་འཇགས་འགོག་སྲུང་དང་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་བྱ་བའི་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་དགོས།
དབྱི་ཧི་གསོལ་མགྲོན་ཁང་སོགས་ལོགས་བཀར་བྱེད་ས་རུ། ཝུའུ་ཞའོ་ཅུན་གྱིས་སྒྲིག་ཆས་ཆ་སྡེབས་དང་དུག་སེལ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། ལེགས་སྒྱུར་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ལག་བསྟར་བརྒྱུད་རིམ་ཚད་ལྡན་དུ་བསྒྱུར་བ། མི་སྣའི་དོ་དམ་དང་རིམས་ནད་ཀྱི་འགོ་ཁུངས་འཚོལ་བ་དང་བརྒྱུད་སྐྱེལ། གད་སྙིགས་ཐག་གཅོད། དུག་སེལ། ཞབས་ཞུ་འགན་སྲུང་སོགས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་ནས། བདེ་འཇགས་དང་ཚད་ལྡན། གོ་རིམ་ལྡན་པའི་འཁོར་རྒྱུག་ལ་ཁག་ཐེག་བྱེད་དགོས།
ཧྭ་ལེན་སྣ་འཛོམས་ཚོང་ར་ཀྲུང་ཧྥ་ཡོན་ཚོང་ཁང་དུ། ཝུའུ་ཞའོ་ཅུན་གྱིས་ཉོ་སྒྲུབ་བྱེད་བཞིན་པའི་གྲོང་མི་དང་ལས་བྱེད་མི་སྣར་བསམ་ཚུལ་བརྗེ་རེས་བྱས་པ་དང་། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ལག་བསྟར་བྱེད་པ་དང་མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་འཇགས་སོགས་གནས་ཚུལ་ལ་ཡུལ་དངོས་ཞིབ་བཤེར་བྱས་རྗེས་བཤད་རྒྱུར། སྣ་འཛོམས་ཚོང་ར་སོགས་མི་སྣ་འདུ་རུབ་བྱེད་ས་ནི་རིམས་ནད་འགོག་སྡོམ་གྱི་གཙོ་གནད་ཡིན་པས། ཁ་ཐུམ་རྒྱག་པ་དང་ཨང་བཤེར་སོགས་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་འཚོ་བའི་དངོས་ཟོག་གི་མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་འཇགས་བྱ་བ་བཟང་བོར་སྒྲུབ་ནས། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་དགོས།
རིན་ཆེན་མཚོས་བསྒྱུར།