ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2022.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཁར་བྱང་ཁུལ་གྱི་སྡོད་དམངས་གཞིས་ཁུལ་དང་ལོགས་བཀར་བྱེད་ས། སྒྲོམ་ཚང་སྨན་ཁང་སྐོར་ཞིག་ལ་སོང་ནས། རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། འགོག་སྡོམ་ཡུལ་དངོས་ཀྱི་རིམས་འགོག་མི་སྣར་འཚམས་འདྲི་བྱས།

མཁར་ཤར་ཝུན་ཅིན་ལིས་ཏུའུ་དང་ཞ་ཏུའུ་གཞིས་ཁུལ། ཧི་ཞེ་གཞིས་ཁུལ། གཉིས་གཉིས་གཅིག་བཟོ་གྲྭའི་གཞིས་ཁུལ། ནན་ཀོན་སྲང་ལམ་འོག་མ་བཅས་སུ། ཝུའུ་ཞའོ་ཅུན་གྱིས་འགོག་སྡོམ་ཡུལ་དངོས་ཀྱི་རིམས་འགོག་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པ་དང་མང་ཚོགས་ཀྱི་ཞབས་ཞུ་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མིག་སྔར་ཟི་ལིང་གི་ས་ཁུལ་ཁ་ཤས་ཀྱི་རིམས་ནད་འགོག་སྡོམ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། གཙོ་གནད་ཁུལ་ཁོངས་དེ་དག་གཙིགས་སུ་འཛིན་པ་དང་། དབྱེ་ཞིབ་བརྡར་གཅོད་དང་བཀོད་གཏོང་ལ་ཤུགས་སྣོན་པ། སྔར་ལས་ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་ཕན་ཡོད་བྱེད་ཐབས་སྤྱོད་པ། ས་ཆ་རེ་རེ་བཞིན་འགོག་རྒོལ་བྱེད་པ་དང་གཙང་སེལ་བྱེད་པ། ཉེན་ཁ་ཕྱིར་མཆེད་པ་བཀག་འགོག་བྱས་ནས། མྱུར་དུ་སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱེད་དགོས། མང་ཚོགས་ཀྱི་སེམས་གཏམ་དང་ཞུ་གཏུག་ལ་ཉན་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་ལན་འདེབས་པ་དང་ཐག་གཅོད་པ། སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་པ། ལྷག་པར་དུ་ལོ་ལོན་དང་བྱིས་པ། དབང་བོ་སྐྱོན་ཅན། སྦྲུམ་མ་སོགས་དམིགས་བསལ་མི་ཚོགས་ཀྱི་ནད་སྟོན་སྨན་བཅོས་ཀྱི་དགོས་མཁོ་ཐག་གཅོད་དགོས། ཉིང་སྐྱུར་བརྟག་དཔྱད་ཀྱི་སྟོབས་ཤུགས་དང་རིམས་ནད་བརྟག་དཔྱད་ཀྱི་སྟོབས་ཤུགས། ལོགས་བཀར་ཐོན་ཁུངས་བཅས་ལ་གཅིག་འདོམས་བཀོད་སྒྲིག་བྱེད་པ་དང་། འགོག་སྡོམ་ཐོན་ཁུངས་བཀོལ་སྤྱོད་ལུགས་མཐུན་བྱས་ཏེ། འགོག་སྡོམ་མཉམ་ཤུགས་གྲུབ་པར་བྱེད་དགོས།

མཁར་བྱང་ཁུལ་ལོགས་བཀར་བྱེད་ས་རུ། ཝུའུ་ཞའོ་ཅུན་གྱིས་གཙོ་བོར་སྒྲིག་ཆས་ཆ་སྡེབས་དང་མི་སྣ་དོ་དམ། ཞབས་ཞུ་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། རིམས་འགོག་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ལོགས་བཀར་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། གོ་རིམ་ཧྲིལ་བོའི་གདུབ་ཟུམ་དོ་དམ་དོན་འཁྱོལ་བྱས་ནས། སྣོལ་བསྲེས་འགོས་མཆེད་དང་ཉེན་ཁ་ཕྱིར་མཆེད་བྱེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བདེ་ཐང་ལྟ་ཞིབ་དང་དུག་སེལ། གད་སྙིགས་གཙང་སེལ་དང་སྐྱེལ་འདྲེན། སྨན་བཅོས་ཐད་ཀྱི་གད་སྙིགས་ཐག་གཅོད་སོགས་བྱ་བ་བཀོད་སྒྲིག་བྱེད་པ་དང་། ལས་བྱེད་མི་སྣའི་གསོ་སྦྱོང་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། བདེ་འཇགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཉེན་ཁ་ཕྱིར་མི་མཆེད་པ་དང་གནད་དོན་མི་འབྱུང་བར་ཁག་ཐེག་བྱེད་པ་དང་། ལོགས་བཀར་བྱེད་ས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།

མཁར་བྱུང་ཁུལ་སྒྲོམ་ཚང་སྨན་ཁང་དུ། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་འགན་ཁུར་མི་སྣས་ནད་པར་སྨན་བཅོས་བྱེད་པ་དང་དོ་སྲུང་བྱེད་པ། སྨན་ཁང་ནས་ཕྱིར་འབུད་པ་སོགས་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་རྗེས། སྒྲོམ་ཚང་སྨན་ཁང་ནི་རིམས་ནད་བརྒྱུད་མཆེད་བྱེད་མཚམས་གཅོད་པའི་གནད་འགག་གི་དུས་རིམ་དང་། སྨན་ཁང་དུ་འཇུག་འོས་པ་ཚང་མ་སྨན་ཁང་དུ་འཇུག་པ་དང་སྨན་བཅོས་བྱེད་འོས་པ་ཚང་མར་སྨན་བཅོས་བྱེད་པའི་རྨང་གཞིའི་འགན་སྲུང་ཡིན་པས། འགོག་སྲུང་བྱེད་ཐབས་དང་བྱ་བའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་། སྨན་ཁང་དུ་འཇུག་པ་དང་ནད་བརྟག་སྨན་བཅོས་བྱེད་པ། སེམས་ཁམས་སློབ་སྟོན་སོགས་བྱ་བ་བཟང་བོར་བསྒྲུབ་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུང་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས། སྨན་བཅོས་མི་སྣའི་འགོག་སྲུང་དང་བཙོག་བཟོ་དངོས་པོ་མེད་པར་བཟོ་བ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྣོལ་བསྲེས་འགོས་མཆེད་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། སྒྲོམ་ཚང་སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞི་ལག་བསྟར་བྱས་ཏེ། ཉལ་ཁྲི་བཀོལ་སྤྱོད་ཀྱི་ལས་ཆོད་ཇེ་མགྱོགས་སུ་གཏོང་དགོས། གཞིས་ཁུལ་དང་སྦྲེལ་མཐུད་བཟང་བོ་བྱས་ནས། སྒྲོམ་ཚང་སྨན་ཁང་གི་ཕྱིར་བགྲོད་ལམ་བུ་གེགས་མེད་ཡོང་བར་ཁག་ཐེག་བྱེད་དགོས།

རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ་དང་། བྱེད་ཐབས་ཉི་ཤུ་མཐའ་གཅིག་ཏུ་ལག་བསྟར་ནན་མོ་བྱེད་པ། རིམ་པ་བཞིན་ཆ་རྐྱེན་ཇེ་མང་དུ་གཏོང་བ་དང་ཁྱད་པར་མེད་པར་བྱེད་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ་མ་ཟད། བྱེད་ཐབས་ལེགས་སྒྱུར་བྱེད་པར་ཁ་གཡར་ནས་འགོག་སྡོམ་གློད་པར་བཀག་འགོག་བྱས་ཏེ། བཏང་གློད་དང་ལྷོད་གཡེང་གཏན་ནས་མི་བྱེད་པར་འདུ་རུབ་འགོས་མཆེད་གསར་བ་འབྱུར་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། སྔ་མོ་བཞིའི་རེ་བ་ལག་བསྟར་བྱེད་པ་དང་། ལོགས་བཀར་བརྒྱུད་སྐྱེལ་དང་ཉིང་སྐྱུར་བརྟག་དཔྱད། མི་སྣའི་འགྲོ་འོང་། ཞབས་ཞུ་འགན་སྲུང་། ཆ་འཕྲིན་གྱི་འདེགས་སྐྱོར་སོགས་ཕྱོགས་ནས་སྔར་ལས་གནད་ལ་འཁེལ་བ་དང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱོད་དགོས། རིམས་འགོག་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་དང་གཞི་རིམ་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མང་ཚོགས་ལ་སྐུལ་སློང་བྱེད་པ། མང་ཚོགས་ལ་རྒྱབ་བརྟེན་པ། སེམས་ཤུགས་གཅིག་སྒྲིལ་བྱས་ནས། མཉམ་དུ་དཀའ་ཁག་སེལ་དགོས། ཕྱོགས་བཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ། ས་སྲུང་འགན་ཡོད་དང་ས་སྲུང་འགན་བསྟར་བྱས་ཏེ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཐད་བཟོས་པའི་གནོད་པ་ཇེ་ཆུང་དུ་གཏོང་དགོས།

ཁྲིན་རུའེ་ཧྥིན་དང་ཝང་ཏ་ནན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

                                                                                                    རིན་ཆེན་མཚོས་བསྒྱུར།