མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2022.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཤིས་ཚིག་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་ལྔ་པའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་ཤིས་ཚིག་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་བདུན་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དགུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན། ཉེ་དུས་ཀྱི་ཕྱི་ཕྱོགས་དང་འབྲེལ་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་བཅས་ཀྱིས། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་མཐོ་ཚད་དུ་འགྲེང་བ་དང་། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་ལ་དམིགས་ནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་འབོད་སྐུལ་བསྒྲགས་པ་དང་། དེས་ཀྲུང་གོའི་རྗེས་དཔག་དང་རང་རྟོན། འགན་ཁུར་བའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཡིན་པའི་ཁྱད་དུ་འཕགས་པའི་ཉམས་འགྱུར་དང་གནམ་འོག་བསམ་པའི་བརྩེ་སེམས་མངོན་པར་བྱས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོས་སྔར་བཞིན་དུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བརྡ་རྟགས་དྲག་པོ་བརྒྱུད་བསྒྲགས་བྱས། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། ཁྲལ་སྲུང་ཁུལ་དང་རྒྱལ་ཁོངས་བརྒལ་བའི་གློག་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱེད་པ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས། རྒྱུད་གཅིག་ལམ་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་སོགས་སྒོ་འབྱེད་སྟེགས་བུ་བཟང་བོར་བསྒྲུབ་པ། ཨེ་ཤ་ཡ་ལྷོ་མར་ཁ་ཕྱོགས་པའི་ཉོ་ཚོང་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་དང་དེང་རབས་དངོས་ཟོག་སྐྱེལ་འདྲེན་མ་ལག་སྟོབས་ལྡན་འཛུགས་སྐྲུན་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བའི་ཐད་ནས་བྱས་རྗེས་སྔར་ལས་མངོན་པར་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་ནན་ཨན་དབྱང་གི་མེ་སྐྱོན་ཐད་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས། ང་ཚོར་ཡང་བསྐྱར་བདེ་འཇགས་ཐོན་སྐྱེད་བྱ་བར་དམ་འཛིན་བྱེད་པའི་ཉེན་བརྡ་བསྒྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། འཕེལ་རྒྱས་དང་བདེ་འཇགས་ལ་ནུས་ལྡན་གཅིག་འདོམས་བྱས་ནས། དོན་རྐྱེན་ཆེན་པོ་འབྱུང་བར་བཀག་འགོག་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བྱེད་ཐབས་བཅོ་ལྔ་དང་རང་ཞིང་གི་ལག་བསྟར་བྱེད་ཐབས་སོ་གསུམ་ལག་བསྟར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོ་དང་ལས་རིགས་སོ་སོ། ཡུལ་གནས་སོ་སོའི་ཉེན་ཁར་ཕྱོགས་ཡོངས་ནས་རྟོག་སེལ་བྱེད་པ། ཏང་སྲིད་ལས་ཁུངས་དང་ལྟ་སྐུལ་དོ་དམ་སྡེ་ཁག ཁེ་ལས་སོགས་ཀྱི་ཕྱོགས་གསུམ་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། རྒྱུན་ལྡན་རང་བཞིན་གྱི་འཁྲབ་སྦྱོང་ཇེ་དྲག་ཏུ་གཏོང་བ། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། མཐར་ཐུག་བསམ་བློ་དང་ཚད་མཐའ་བསམ་བློས་བདེ་འཇགས་ཐོན་སྐྱེད་ཉིན་རྒྱུན་དུ་དམ་འཛིན་བྱེད་པ་དང་དམ་འཛིན་ནན་མོ་བྱས་ཏེ། བདེ་འཇགས་གཏན་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརླན་སའི་ཆིངས་ཡིག་འཇོག་པའི་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་ཤིས་ཚིག་གིས། བརླན་ས་སྲུང་སྐྱོབ་ཀྱི་ཉམས་མྱོང་དང་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་། བརླན་སར་སྲུང་སྐྱོབ་བྱེད་པའི་འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་སྤེལ་བའི་འབོད་སྐུལ་བཏང་ལ། བརླན་སར་གཅེས་སྤྲས་བྱེད་པའི་འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པ་དང་། ཀྲུང་གོས་བརླན་སའི་ཆིངས་ཡིག་ལག་བསྟར་བྱས་ནས་ལོ་སུམ་ཅུ་འཁོར་བའི་ལག་ལེན་བཟང་བོར་འགྲེལ་བཤད་བྱས། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཁུལ་ཁོངས་གཅིག་ལ་གཟི་བརྗིད་བརྩོན་ལེན་བྱེད་པ་མ་ཟད། སྤྱི་ཡོངས་ལ་བྱས་རྗེས་འཇོག་པའི་མཐོ་ཚད་དུ་འགྲེང་ནས། ཚད་གཞི་མཐོན་པོས་བརླན་སའི་སྲུང་སྐྱོབ་བྱ་བ་སྤེལ་དགོས། སྲུང་སྐྱོབ་གཙོར་འཛིན་པ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། བརླན་སར་རིམ་པ་དང་རིགས་སྣ་བགར་ནས་དོ་དམ་བྱེད་པར་གཅིག་འདོམས་བྱེད་པ། དོན་དངོས་རང་བཞིན་དང་སྤྱི་ཁོག་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མུ་མཐུད་དུ་འཛུགས་སྐྲུན་བྱེད་པ། མདོ་ལ་རིང་མོ་དང་མཚོ་སྔོན་པོ་སོགས་རྒྱལ་ཁབ་སྤྱི་གླིང་མྱུར་དུ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་འཛུགས་སྐྲུན་བྱེད་པ་སྟེགས་བུ་རུ་བྱས་ཏེ། སྤུས་ཚད་མཐོ་བའི་ངང་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་དུས་ཚོད་དང་པོའི་ནང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་པ་དང་སྲུང་སྐྱོང་བྱེད་པ་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ལག་བསྟར་བྱེད་པའི་ཐད་ནས་བཀོད་སྒྲིག་གསར་བ་བྱས་པ་དང་རེ་བ་ནན་མོ་བཏོན་ལ། ཏང་ཀྲུང་དབྱང་གིས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བློ་བརྟན་འགྱུར་མེད་ཀྱིས་རང་ངོས་གསར་བརྗེ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྣམ་འགྱུར་མངོན་གསལ་དང་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད་པ་དང་། ཏང་ཡོངས་ལ་ཚད་ཤིང་དང་མིག་དཔེ་བསྟན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་བཏང་སྟེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ནས། རང་རྟོགས་དང་རང་གཅུན་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་བསྒྱུར་ནས་དར་སྲོལ་གསར་བ་གྲུབ་པར་བྱེད་པ། གནད་འགག་གྲངས་ཉུང་གི་ནུས་པ་འདོན་སྤེལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་གྱི་འགན་འཁྲི་ལག་བསྟར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་བྱས་པ་དང་། ཤར་ནུབ་རྒྱུད་མཉམ་ལས་ཐད་ཀྱི་བྱ་བ་སྣ་ཚོགས་ཤུགས་ཡོད་པའི་སྒོ་ནས་སྤེལ་བ་དང་གྲུབ་འབྲས་མངོན་གསལ་བླངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཚད་མཐའ་བརྟན་སྲུང་བྱེད་པ་དང་འཕེལ་རྒྱས་དམ་འཛིན་བྱེད་པ། དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་བཟང་བོར་བསྒྲུབ་པར་གཅིག་འདོམས་བྱེད་པ། འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་ལ་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ཤར་ནུབ་རྒྱུད་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཞིང་གསུམ་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་སྐོར་གྱི་གཏན་ཁེལ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་ལག་བསྟར་རྩ་གནད་ལག་བསྟར་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཉིས་སྟོང་ཉེར་གསུམ་ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་བསྡུ་བའི་འབྲེལ་ཡོད་བྱ་བ་སོགས་ལ་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།