ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་དང་མཁོ་འདོན་འགན་སྲུང་སོགས་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2022.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་གྱི་སྣ་འཛོམས་ཚོང་ཁང་དང་མྱུར་སྐྱེལ་བྱེད་ས། འཕྲིན་གཏོང་ལས་རིགས། སྡེབས་ཚོང་ཚོང་ར། དངོས་སྐྱེལ་ར་བའི་ཁུལ་བཅས་ལ་སོང་ནས། རིམས་ནད་འགོག་སྡོམ་དང་མཁོ་འདོན་འགན་སྲུང་དང་ཐོགས་མེད་ཤར་བགྲོད་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། རིམས་འགོག་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དོན་འཁྱོལ་བྱེད་པ། འཐབ་ཇུས་ངེས་ཤུགས་ཇེ་བརྟན་དུ་གཏོང་བ། རྒྱལ་ངེས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་ཐོན་སྐྱེད་ལ་ནུས་ལྡན་གཅིག་འདོམས་བྱེད་པ། མང་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་ལ་ལན་འདེབས་པ། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གནད་དོན་ཐག་གཅོད་པ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་པ། མིག་སྔའི་རིམས་ནད་འགོག་སྡོམ་བརྟན་བརླིང་དང་ཇེ་བཟང་དུ་འགྲོ་བའི་གྲུབ་འབྲས་བཟང་བོ་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། ཧུར་ཐག་གིས་ཟི་ལིང་གི་རིམས་ནད་འགོག་སྡོམ་ཚར་གཅོད་དམག་འཐབ་ཀྱི་ཆེས་མཐའ་མཇུག་གི་རྒྱལ་ཁ་བརྩོན་ལེན་བྱས་ནས། གོ་རིམ་ལྡན་པའི་ངང་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས།

མཁར་དཀྱིལ་ཁུལ་ཝང་ཧྥུའུ་ཅིན་སྣ་འཛོམས་ཚོང་ཁང་དང་ཧའེ་ཧུའུ་ལུས་རྩལ་ཁང་གནས་སྐབས་སྡེབས་འཚོང་བྱེད་ས་རུ། ཝུའུ་ཞའོ་ཅུན་གྱིས་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། རིམས་ནད་འགོག་སྡོམ་དང་ཚོང་རྫས་མཁོ་འདོན། དངོས་སྐྱེལ། དངོས་གོང་གཏན་འཇགས་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྣ་འཛོམས་ཚོང་ཁང་དང་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་ར་ནི་དམངས་ཚིས་འགན་སྲུང་གི་ཡུལ་གནས་གཙོ་བོ་ཡིན་པར་མ་ཟད། རིམས་ནད་འགོག་སྡོམ་གྱི་གཡུལ་ས་གཙོ་བོ་ཡང་ཡིན་པས། ཚོང་རའི་མཁོ་འདོན་ཇེ་དྲག་ཏུ་གཏོང་བ་དང་། ཚོང་རྫས་ཀྱི་རིགས་སྣ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཚོང་རྫས་འདང་བ་དང་དངོས་གོང་བརྟན་འཇགས་ལ་ཁག་ཐེག་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་དགོས་མཁོ་སྐོང་དགོས། ཨང་བཤེར་དྲོད་འཇལ་དང་ཁ་ཐུམ་རྒྱག་པ། རླུང་རྒྱུ་དུག་སེལ་སོགས་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ཚོང་རའི་ཚོང་གཉེར་མི་སྣ་དང་དངོས་སྐྱེལ་མི་སྣའི་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་ལ་ཤུགས་སྣོན་པ། ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།

ཅི་ཐུའུ་མྱུར་སྐྱེལ་ཧྥུའུ་ལུའུ་སྲང་ལམ་ཡན་ལག་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ལས་སྒོ་སྤེལ་བ་དང་ཚོང་ཟོག་འདོན་འཇུག དབྱེ་འབྱེད། དངོས་ཐུམ་དུག་སེལ། མི་སྣའི་འགོག་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཡུལ་དངོས་ནས་འབྲེལ་ཡོད་གནད་དོན་དང་དཀའ་ཁག་ལ་མཐུན་སྦྱོར་ཐག་གཅོད་བྱས། ཁོས་བཤད་རྒྱུར། མྱུར་སྐྱེལ་དངོས་སྐྱེལ་ལས་རིགས་ནི་རིམས་ནད་འགོག་སྡོམ་དང་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པའི་བརྒྱུད་རིམ་གལ་ཆེན་ཡིན་པ་དང་། མྱུར་སྐྱེལ་ཁེ་ལས་ཀྱིས་ལས་རིགས་ཀྱི་རིམས་ནད་འགོག་སྡོམ་ཐད་ཀྱི་ཚད་ལྡན་རེ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། རིམས་ནད་འགོག་སྡོམ་གནས་བབ་གཞིར་བཟུང་ནས་ཁུལ་བགོ་བ་དང་རིམ་པ་བགོས་ནས་འབྲེལ་ཡོད་ལས་སྒོ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ། ཡུལ་གནས་ཀྱི་ཁོར་ཡུག་གཙང་སྦྲ་དང་དོ་དམ་ལ་ཤུགས་སྣོན་པ། དངོས་སྐྱེལ་དབྱེ་འབྱེད་སོགས་ཐད་ཀྱི་ཉེན་ཁར་རང་བཤེར་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པ། ལས་ཞུགས་མི་སྣའི་རང་ངོས་འགོག་སྲུང་ལ་ཤུགས་སྣོན་པ། ཐུག་མེད་དངོས་སྐྱེལ་གྱི་རྣམ་པ་ཁྱབ་གདལ་དུ་གཏོང་བ། སྐུར་སྐྱེལ་ལམ་བུ་ཐོགས་མེད་ཡོང་བར་འགན་སྲུང་བྱེད་པ། རིམས་འགོག་དངོས་ཟོག་དང་ཐོན་སྐྱེད་དངོས་ཟོག སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཉེར་མཁོ་ཐོན་རྫས་ཀྱི་རྒྱུན་ལྡན་བརྒྱུད་སྐྱེལ་བྱ་བ་བཟང་བོར་སྒྲུབ་དགོས།

ཀྲུང་གོ་དབྱི་ཏུང་ཀུང་ཟི་ཟི་ལིང་གྲོང་ཁྱེར་ཡན་ལག་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་འགན་ཁུར་མི་སྣའི་རིམས་ནད་འགོག་སྡོམ་ཆ་འཕྲིན་ཅན་གྱི་སྟེགས་བུའི་དོ་དམ་འཁོར་རྒྱུག་དང་ཞབས་ཞུ་འགན་སྲུང་སྐོར་གྱི་གནས་ཚུལ་ལ་ཉན་རྗེས་བཤད་རྒྱུར། ཆ་འཕྲིན་ཅན་གྱི་སྟེགས་བུ་ནི་རིམས་ནད་འགོག་སྡོམ་བྱ་བའི་འདེགས་སྐྱོར་གལ་ཆེན་ཡིན་པས། རིགས་མི་འདྲ་བའི་ཆ་འཕྲིན་སྟེགས་བུ་སྣ་ཚོགས་ཀྱི་ཐོན་ཁུངས་མཉམ་བསྲེས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྟེགས་བུའི་ཇུས་འགོད་ལེགས་སྒྱུར་བྱེད་པ། རྩོལ་ནུས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ། ལག་རྩལ་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ། གྲངས་ཀའི་རྨང་གཞི་སྒྲིག་ཆས་སྲུང་སྐྱོབ་ལ་ཤུགས་སྣོན་པ། དྲ་རྒྱའི་བདེ་འཇགས་འཕྲལ་བསྟུན་ཐག་གཅོད་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་པ། དྲིལ་སྒྲོག་གི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། ཆ་འཕྲིན་སྟེགས་བུ་གཏན་འཇགས་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་ནུས་ཤུགས་ཆེན་པོ་འདོན་དགོས།

ཧྲོང་ཀྲའེ་དངོས་སྐྱེལ་ར་བ་རུ། ཝུའུ་ཞའོ་ཅུན་གྱིས་ཁོར་ཡུག་དུག་སེལ་དང་དངོས་སྐྱེལ་རླངས་འཁོར་འབྲེལ་མཐུད། སྐྱེལ་འདྲེན་རླངས་འཁོར་དང་ཁ་ལོ་བའི་དོ་དམ་སོགས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས། ཁོས་བསྟན་དོན། གཙོ་གནད་དངོས་ཟོག་ཉར་གསོག་སྐྱེལ་འདྲེན་ལ་ཤུགས་སྣོན་པ་དང་། ཉོ་སྒྲུབ་དང་མཁོ་འདོན་ལམ་བུ་ཐོགས་པ་མེད་པར་བྱེད་པ། སྐྱེལ་སྤྲོད་གྲུབ་ཚུལ་ལེགས་སྒྲིག་བྱས་ནས། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། མཉམ་འགོག་མཉམ་སྡོམ་ཇེ་དྲག་ཏུ་གཏོང་བ་དང་། ཆེད་ལས་ཚན་ཁག་གི་སྟོབས་ཤུགས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ། རླངས་འཁོར་གྱིས་ས་གནས་གཏན་ཁེལ་བྱས་ནས་ཞབས་འདེགས་ཞུ་བ་དང་བཀག་སྡོམ་འགོག་སྡོམ་བྱེད་པ་ལག་བསྟར་བྱས་ཏེ། བརྒྱུད་རིམ་སོ་སོ་མཚམས་མེད་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས། ཞབས་ཞུ་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། ཁ་ལོ་བའི་ཞུ་གཏུག་ལ་ལན་འདེབས་པ་དང་ཐག་གཅོད་པ། འགོག་སྡོམ་སྲིད་ཇུས་དྲིལ་སྒྲོག་དང་འགྲེལ་ཀློག་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁ་ལོ་བས་རང་འགུལ་གྱིས་འགོག་སྡོམ་འགན་འཁྲི་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས་ནས། དངོས་སྐྱེལ་ར་བའི་ཁུལ་དང་ལས་ཞུགས་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།