ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མཚོ་སྔོན་བྱ་བའི་ཚན་ཆུང་གི་ཚན་གཙོ་ཧའོ་ཞོ་ཅུན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།
ཚོགས་ཐོག་ཏུ། སྐོར་ཐེངས་འདིའི་རིམས་ནད་བྱུང་བའི་ཚུན་དུ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལྟར། མཚོ་སྔོན་བྱ་བའི་ཚན་ཆུང་གི་མཛུབ་སྟོན་ཞིབ་མོའི་འོག སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབས་པ་དང་། ཐག་གཅོད་སྣ་ཚོགས་སྤྱིའི་ཆ་ནས་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ལ། རིམས་ནད་ཕྱོགས་ནས་བསྟུད་མར་ཉིན་མང་པོའི་འགྱུར་ལྡོག་བརྒྱུད་དེ། སྤྱི་ཚོགས་ངོས་ཀྱི་བརྒྱུད་མཆེད་ཉེན་ཁར་ཚོད་འཛིན་བྱས་པ་དང་། སྤྱིར་བཏང་གིས་གཏན་འཇགས་ཁྲོད་ཇེ་བཟང་དུ་འགྲོ་བ་དང་གཏན་འཇགས་འགོག་སྡོམ་གྱི་རྣམ་པ་མངོན་ཡོད་ཅེས་བསྟན།
ཚོགས་ཐོག་ནས་བསྟན་དོན། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་ནད་དུག་རྒྱུ་འགྱུར་འབྱུང་བཞིན་ཡོད་པ་དང་། རྒྱལ་ནང་དུ་ད་དུང་རིམས་ནད་འབྱུང་བཞིན་ཡོད་ལ། དེའི་ཐོག་དགུན་དུས་ཀྱི་ནམ་ཟླ་དང་མཐོ་རིམ་སློབ་གྲྭའི་སློབ་མ། ངལ་རྩོལ་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་པ་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས། རིམས་ནད་ནང་དུ་མཆེད་པའི་ཉེན་ཁ་སྔར་བཞིན་ཅུང་ཆེ་བ་དང་། རིམས་ནད་འགོག་སྡོམ་གྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ། བློ་བརྟན་འགྱུར་མེད་གསུམ་རྒྱུན་འཁྱོངས་བྱེད་པ། པར་གཞི་དགུ་པ་དང་བྱེད་ཐབས་ཉི་ཤུ་ལག་བསྟར་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མུ་མཐུད་འབད་འཐབ་བྱས་ནས། རིམས་ནད་འགོག་སྡོམ་གྱི་དུས་ཚོད་དང་ཤུགས་ཚད། ཕན་འབྲས་ཁོང་དུ་ཆུད་པར་བྱེད་པ་དང་། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བ། ནུས་ལྡན་གཅིག་འདོམས་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པ་དང་ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་གནོད་པ་ཇེ་ཆུང་དུ་གཏོང་བའི་རེ་བ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཐབ་ཕྱོགས་སྡུད་རུབ་བྱེད་པ། ཐོན་ཁུངས་སྟོབས་ཤུགས་གཅིག་བསྡུས་བྱེད་པ། ཉེན་ཁ་ཆེ་བའི་ས་ཁུལ་མེད་པར་བྱེད་པའི་མཁྲེགས་གཏོར་བྱ་བ་སྤེལ་བ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཙོ་གནད་ས་ཁུལ་གྱི་མཁྲེགས་གཏོར་ཚར་གཅོད་དམག་འཐབ་བཟང་བོར་སྤེལ་ནས། སྔ་མོ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་གྱིས་གཅིག་འདོམས་བྱེད་ན། བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག གོ་རིམ་ལྡན་པའི་ངང་ལས་ཐོན་སླར་གསོ་བྱེད་པ་དང་ཚོང་ར་སླར་གསོ་བྱེད་པ། སློབ་གྲྭ་ཚོགས་པར་སྐུལ་འདེད་གཏོང་བ་དང་། མཁོ་འདོན་གེགས་མེད་ལ་འགན་སྲུང་བྱེད་པ་དང་གྲོང་ཁྱེར་གྱི་སྲོག་ཤིང་རྩོལ་ནུས་བརྒྱུད་སྐྱེལ་བྱ་བ་བཟང་བོར་སྒྲུབ་པ། ཞིང་བ་ཞོར་ལས་པའི་ལས་ཞུགས་དང་ཞིང་ཕྱུགས་ཐོན་རྫས་ཉོ་འཚོང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དཀའ་ཁག་སེལ་བ་སོགས་བྱ་བ་བཟང་བོར་སྤེལ་བ། བརྩེ་སེམས་བཅངས་ནས་ཧུར་ཐག་གིས་མང་ཚོགས་ལ་སྟབས་བདེ་འདོན་སྤྲོད་བྱེད་དགོས། རྒྱུན་རྣམ་ཅན་གྱི་འགོག་སྡོམ་ཞིབ་ལེགས་བྱེད་པ་དང་། ཐོན་ཁུངས་སྟོབས་ཤུགས་ཀྱི་གསོག་འཇོག་ལ་ཤུགས་སྣོན་པ། གཞི་གྲངས་ཆ་འཕྲིན་གྱི་སྟེགས་བུ་བཀོལ་སྤྱོད་བྱེད་པ། མི་དང་དངོས་པོ། ཁོར་ཡུག་བཅས་ནས་མཉམ་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་པ། བརྩེ་སེམས་དང་སྟོབས་ཤུགས་སྤྱད་དེ་བསམ་བློའི་སྣེ་ཁྲིད་དང་སེམས་ཁམས་དབྱེ་ཞིབ་བཟང་བོར་བསྒྲུབ་ནས། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་བར་སྟོང་གི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོ་སོ་ལྔ་ལོའི་འཆར་འགོད་སྒྲིག་གཞི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་རྫོང་མཁར་འདྲེན་བྱེད་གཙོ་བོ་རུ་བྱས་པའི་གྲོང་གསེབ་ཅན་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།