ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་སྤྲིངས་པའི་འཕྲིན།
2022.12.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

བློ་མཐུན་ཅང་ཙེ་མེན་གྱི་སྐུ་པར།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་སྤྲིངས་པའི་འཕྲིན་ཡིག

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྐྱོ་གདུང་རབ་ཏུ་དྲག་པོས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་བརྡ་ཁྱབ་གཏོང་རྒྱུ་ནི། ང་ཚོས་གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་མེན་མཆོག་ལ་ཁྲག་དཀར་ནད་བྱུང་ནས་དོན་སྣོད་མང་པོའི་ནུས་པ་ཉམས་ཏེ། མྱུར་སྐྱོབ་བྱས་ཀྱང་མ་ཕན་པར2022ལོའི་ཟླ11པའི་ཚེས30ཉིན་གྱི་ཆུ་ཚོད12དང་སྐར་མ13སྟེང་ཧྲང་ཧེ་ནས་སྐུ་གཤེགས་པ་དང་། དགུང་ལོ96རེད།

བློ་མཐུན་ཅང་ཙེ་མེན་མཆོག་ནི་རང་རེའི་ཏང་དང་རང་རེའི་དམག རང་རེའི་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་ཀུན་གྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་མཚན་སྙན་བླ་ན་མེད་པའི་ཁྱད་འཕགས་ཀྱི་མགོ་ཁྲིད་པ་དང་། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་། ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་གྱི་ཁྱད་དུ་འཕགས་པའི་མགོ་ཁྲིད་པ། ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་གསུམ་པའི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་གསར་གཏོད་པ་གཙོ་བོ་བཅས་ཡིན།

བློ་མཐུན་ཅང་ཙེ་མེན་མཆོག་གིས་གཞོན་ནུའི་དུས་སྐབས་ནས་བཟུང་སློབ་ལ་བརྩོན་ཞིང་བདེན་ལུགས་བསྙེགས་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་དམངས་གཙོ་གསར་བརྗེའི་བསམ་བློའི་བློ་འབྱེད་ཐོབ། སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་གནང་སྐབས། འཇར་འགོག་རྒྱལ་གཅེས་བྱེད་སྒོར་ཧུར་ཐག་གིས་ཞུགས་པ་བརྒྱུད་ནས། བློ་མཐུན་ཅང་ཙེ་མེན་ལ་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་འབྱོར་བ་དང་། མི་ཚེའི་བགྲོད་ལམ་གྱི་གདམ་ག་ཡོངས་སུ་འགྲུབ་སྟེ། མཇུག་མཐར་མི་རིགས་བཅིངས་འགྲོལ་དང་མི་དམངས་བདེ་སྐྱིད་ཀྱི་ཆེད་དུ་འབད་འཐབ་བྱེད་པའི་མི་ཚེའི་ཕུགས་བསམ་དང་དད་མོས་གཏན་ལ་ཕབ། གཅིག་སྟོང་དགུ་བརྒྱ་ཞེ་བདུན་ལོར་ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་ནས་མཐར་ཕྱིན་རྗེས། བློ་མཐུན་ཅང་ཙེ་མེན་གྱིས་བཟོ་གྲྭ་ནས་ཕྱག་ལས་གནང་སྟེ། བཟོ་པ་མང་ཚོགས་ཀྱི་ཁྲོད་དང་ན་གཞོན་ཚོགས་པའི་མཚན་མོའི་སློབ་གྲྭའི་ལས་རིགས་ན་གཞོན་ཁྲོད་དུ་གསར་བརྗེ་དྲིལ་སྒྲོག་གི་ཕྱག་ལས་གནང་ལ། གཅིག་སྟོང་དགུ་བརྒྱ་ཞེ་དགུ་ལོར་བཟོ་པ་མང་ཚོགས་རྩ་འཛུགས་མཛད་དེ་བཟོ་གྲྭ་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ་ནས། ཧྲང་ཧེ་ཡི་བཅིངས་འགྲོལ་བསུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་འགོར། བློ་མཐུན་ཅང་ཙེ་མེན་གྱིས་སྔ་གཞུག་ཏུ་ཧྲང་ཧེ་དབྱི་མེན་ཟས་རིགས་བཟོ་གྲྭ་དང་པོའི་ཁྲང་ཀྲང་གཞོན་པ་དང་པོ་དང་། ཧྲང་ཧེ་ཁྲུས་རྫས་བཟོ་གྲྭའི་ཁྲང་ཀྲང་གཞོན་པ་དང་པོ། འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧེ་ཇུས་འགོད་ཡན་ལག་ཅུའུ་གཉིས་པའི་གློག་ཆས་ཆེད་ལས་ཁོ་ཡི་ཁོ་ཀྲང་སོགས་ཀྱི་འགན་བཞེས། གཅིག་སྟོང་དགུ་བརྒྱ་ལྔ་བཞི་ལོར། རྒྱལ་ཁབ་ཀྱིས་ཁྲང་ཁྲུན་དུ་རླངས་འཁོར་བཟོ་གྲྭ་དང་པོ་བཙུགས་པར་ཆེད་ལས་ལག་རྩལ་ལས་བྱེད་པ་དང་དོ་དམ་ལས་བྱེད་པ་འབོར་ཆེན་མཁོ་བས། བློ་མཐུན་ཅང་ཙེ་མེན་ལས་བགོས་ལྟར་དེར་ཕེབས་པ་དང་། གཅིག་སྟོང་དགུ་བརྒྱ་ང་ལྔ་ལོར་སུའུ་ལེན་གྱི་མོ་སི་ཁོའི་སི་ཏ་ལིན་རླངས་འཁོར་བཟོ་གྲྭ་རུ་དངོས་སྦྱོང་དུ་ཕེབས། གཅིག་སྟོང་དགུ་བརྒྱ་ང་དྲུག་ལོར་ཕྱིར་རྒྱལ་ནང་དུ་ཕེབས་རྗེས། བློ་མཐུན་ཅང་ཙེ་མེན་གྱིས་ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་སྒུལ་ཤུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། སྤྱིའི་སྒུལ་ཤུགས་ཆེན་མོ་བ་གཞོན་པ། སྒུལ་ཤུགས་ཡན་ལག་བཟོ་གྲྭའི་ཁྲང་ཀྲང་བཅས་ཀྱི་འགན་བཞེས། གཅིག་སྟོང་དགུ་བརྒྱ་རེ་གཉིས་ལོར། བློ་མཐུན་ཅང་ཙེ་མེན་ལས་གནས་སྤར་ཏེ་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧེ་གློག་ཆས་ཚན་རིག་ཞིབ་འཇུག་ཁང་གི་སོ་ཀྲང་གཞོན་པའི་འགན་བཞེས་ནས། ཞིབ་འཇུག་ཁང་དེའི་ཚན་རིག་ཞིབ་འཇུག་གི་དབུ་ཁྲིད་ཕྱག་ལས་གནང་། གཅིག་སྟོང་དགུ་བརྒྱ་རེ་དྲུག་ལོར། བློ་མཐུན་ཅང་ཙེ་མེན་ལས་གནས་སྤར་ཏེ་ཝུའུ་ཧན་ཚ་བའི་བཟོ་ལས་འཕྲུལ་ཆས་ཞིབ་འཇུག་ཁང་གི་སོ་ཀྲང་དང་ཏང་ཨུའུ་ཧྲུའུ་ཅི་ཚབ་མའི་འགན་བཞེས་པ་དང་། རྗེས་སུ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཏེ། ཉིང་ནུས་གློག་འདོན་སྒྲིག་ཆས་ཀྱི་ཇུས་འགོད་བྱ་བར་རྩ་འཛུགས་གནང་། རིག་གནས་གསར་བརྗེ་ཆེན་པོ་མགོ་བརྩམས་རྗེས། བློ་མཐུན་ཅང་ཙེ་མེན་ལ་རྡེག་སྐྱོན་ཐེབས། གཅིག་སྟོང་དགུ་བརྒྱ་བདུན་ཅུ་ལོར། བློ་མཐུན་ཅང་ཙེ་མེན་ལས་གནས་སྤར་ཏེ་འཕྲུལ་ཆས་བཟོ་ལས་པུའུ་དང་པོ་རུ་ཕྱག་ལས་གནང་བ་དང་། གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོར་ཀྲུང་གོའི་འཕྲུལ་ཆས་བཟོ་ལས་པུའུ་ཡི་རོ་མ་ནི་ཡར་མངགས་པའི་ཆེད་མཁས་ཚན་ཁག་གི་སྤྱིའི་ཚན་གཙོའི་འགན་བཞེས་ལ། གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར་ཕྱིར་རྒྱལ་ནང་དུ་ཕེབས་རྗེས་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཕྱི་དོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་། ཅུའུ་ཀྲང་གི་འགན་བཞེས། གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོར་བློ་མཐུན་ཅང་ཙེ་མེན་གྱིས་རྒྱལ་ཁབ་ཕྱིར་གཏོང་ནང་འདྲེན་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ཕྱི་རྒྱལ་དངུལ་གཏོང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོ་དང་། ཏང་ཙུའུ་ཁོངས་མིའི་འགན་བཞེས་ཏེ། གཙོ་བོ་ཀོང་ཏུང་དང་ཧྥུའུ་ཅན་ཞིང་ཆེན་གཉིས་སུ་དམིགས་བསལ་སྲིད་ཇུས་དང་འཚམ་བསྟུན་སྲིད་ཇུས་ལག་བསྟར་བྱེད་པ་དང་། དཔལ་འབྱོར་དམིགས་བསལ་ཁུལ་ཚོད་ལྟ་བྱེད་པ་སོགས་གསར་གཏོད་རང་བཞིན་གྱི་ཕྱག་ལས་གནང་། གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོར། བློ་མཐུན་ཅང་ཙེ་མེན་གྱིས་གློག་རྡུལ་བཟོ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་བཞེས་ལ། གཅིག་སྟོང་དགུ་བརྒྱ་གྱ་གསུམ་ལོར་པུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས་ནས། རང་རྒྱལ་གྱི་གློག་རྡུལ་བཟོ་ལས་འཕེལ་རྒྱས་ཐད་མཛད་རྗེས་ཆེན་པོ་བཞག གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོའི་ཟླ་དགུ་པར། བློ་མཐུན་ཅང་ཙེ་མེན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་ཀྲུང་དབྱང་ཨུ་ཡོན་དུ་བདམས།

གཅིག་སྟོང་དགུ་བརྒྱ་གྱ་ལྔ་ལོར། བློ་མཐུན་ཅང་ཙེ་མེན་གྱིས་ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་། ཀྲུང་གུང་ཧྲང་ཧེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོར། བློ་མཐུན་ཅང་ཙེ་མེན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དུ་བདམས་པར་མ་ཟད། ཀྲུང་གུང་ཧྲང་ཧེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་སྐབས་སུ། བློ་མཐུན་ཅང་ཙེ་མེན་གྱིས་ཧྲང་ཧེ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དབུ་ཁྲིད་གནང་ནས་སྤོབས་སེམས་ཆེར་སྐྱེད་དང་ཞུམ་མེད་འཚོལ་ཞིབ་མཛད་དེ། ཧྲང་ཧེ་ཡི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བརྒལ་གཏོར་ཆེན་པོ་མཛད་པ་དང་། ཕུའུ་ཏུང་གི་གསར་སྤེལ་སྒོ་འབྱེད་ལ་ཇུས་འགོད་གནང་ནས། ཏང་གི་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བར་འཕེལ་རིམ་ཆེན་པོ་བླངས། གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོའི་དཔྱིད་དབྱར་བསྣོལ་མཚམས་སུ་རང་རྒྱལ་དུ་ཆབ་སྲིད་ཀྱི་ཟིང་ཆ་ཚབས་ཆེན་བྱུང་བ་དང་། བློ་མཐུན་ཅང་ཙེ་མེན་གྱིས་ཏང་ཀྲུང་དབྱང་གི་ལངས་ཕྱོགས་གསལ་བོས་ཟིང་འཁྲུག་ལ་ངོ་རྒོལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་ལ་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཡང་དག་པའི་ཇུས་ཆོད་ལ་གོང་བཀུར་དང་ལག་བསྟར་གནང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་དམ་དུ་བརྟེན་ནས་ཧྲང་ཧེ་ཡི་བརྟན་འཇགས་ལ་སྲུང་སྐྱོང་ཆེན་པོ་མཛད།

གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོར། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། བློ་མཐུན་ཅང་ཙེ་མེན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས། ལོ་དེར་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་བློ་མཐུན་ཅང་ཙེ་མེན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གདམ་རྒྱུའི་ཐག་བཅད་ལ། གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོར། རྒྱལ་ཡོངས་དམངས་ཆེན་སྐབས་བདུན་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།

བློ་མཐུན་ཅང་ཙེ་མེན་ནི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་གསུམ་པའི་སྲོག་ཤིང་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་མཇུག་དང་ལོ་རབས་དགུ་བཅུ་པའི་འགོར། རྒྱལ་སྤྱི་དང་རྒྱལ་ནང་དུ་ཆབ་སྲིད་ཀྱི་ཟིང་ཆ་ཚབས་ཆེན་བྱུང་བ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་བར་མ་ཟད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་ཐད་ཀྱང་སྔ་ན་མེད་པའི་དཀའ་ངལ་དང་གནོན་ཤུགས་ཧ་ཅང་ཆེན་པོ་བྱུང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་འདིར། བློ་མཐུན་ཅང་ཙེ་མེན་གྱིས་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་ལ་དབུ་ཁྲིད་གནང་སྟེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་དམ་པོར་བརྟེན་ནས། ལངས་ཕྱོགས་གསལ་བོས་གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་གནང་བ་དང་། རྒྱལ་ཁབ་ཀྱི་རང་བཙན་དང་ལ་རྒྱ། བདེ་འཇགས། བརྟན་འཇགས་བཅས་ལ་སྲུང་སྐྱོབ་མཛད་ལ། དཔལ་འབྱོར་འཛུགས་སྐྲུན་གྱི་དཀྱིལ་སྙིང་འདི་གཡོ་འགུལ་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་དང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་གནང་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་སྲུང་སྐྱོབ་མཛད་དེ། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད།

ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་བར་གྱི་ལོ་ངོ་བཅུ་གསུམ་གྱི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཟིལ་རླབས་དགུང་དུ་འཕྱུར་ཡོད། རྙོག་འཛིང་ཤིན་ཏུ་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་འོག་ཏུ། བློ་མཐུན་ཅང་ཙེ་མེན་གྱིས་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་ལ་དབུ་ཁྲིད་གནང་ནས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་གནང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་གྱིས་གོ་སྐབས་དམ་འཛིན་དང་བཅོས་སྒྱུར་ཟབ་སྤེལ། སྒོ་འབྱེད་རྒྱ་བསྐྱེད། འཕེལ་རྒྱས་སྐུལ་འདེད། བརྟན་འཇགས་སྲུང་འཛིན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་ལ་ཕབ་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གྲུབ་ཆ་གཙོ་བོ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་། རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གྲུབ་ཆ་གཙོ་བོ་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་གཏན་འཁེལ་བྱས་ལ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་ཡར་སྐུལ་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་དང་ཆབ་སྲིད་སྒྲིག་སྲོལ་བཅོས་སྒྱུར། རིག་གནས་སྒྲིག་སྲོལ་བཅོས་སྒྱུར། ཕྱོགས་གཞན་དག་གི་བཅོས་སྒྱུར་བཅས་བློ་རྩ་བརྟན་པོས་སྤེལ་བ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་རྣམ་པ་གསར་པ་བསྐྲུན་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེན་པོ་ལག་བསྟར་བྱས་ལ། “ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞང་ཀང་དང་ཨོ་མིན་བདེ་བླག་ངང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པར་བྱས་པ་དང་། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ཤིང་། ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་པ་དང་། ཏང་འཛུགས་ཀྱི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་འཛུགས་སྐྲུན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་གསར་པ་ཡོང་བར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་སླེབས་པར་བྱས། བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ཐུན་མོང་རབས་གསུམ་པའི་དབུ་ཁྲིད་འོག་ཏུ། ང་ཚོས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བའི་རྒྱལ་སྤྱིའི་ཐོལ་བྱུང་དོན་རྐྱེན་རབ་དང་རིམ་པར་འཚབ་འཚུབ་མེད་པའི་སྒོ་ནས་ཁ་གཏད་འཇལ་བ་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་ཁྱབ་ཁོངས་དང་། རང་བྱུང་ཁམས་བཅས་སུ་བྱུང་བའི་དཀའ་ངལ་དང་ཉེན་ཁ་ཅི་རིགས་ལས་རྣམ་པར་རྒྱལ་བར་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་དེད་ནས་རླབས་གཤགས་མདུན་སྐྱོད་བྱེད་པར་འགན་ལེན་བྱས། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས་པའི་ཚུན་གྱི་ལོ་ངོ་བཅུ་གསུམ་རིང་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་བླངས་པའི་གྲུབ་འབྲས་ཆེན་པོ་དེ་ནི། བློ་མཐུན་ཅང་ཙེ་མེན་མཆོག་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་ཞིག་ཡིན་པའི་ཆ་ནས་མཁས་མཛངས་ལྡན་པའི་དབུ་ཁྲིད་གནང་བ་དང་གནད་འགག་གི་ནུས་པ་བཏོན་པ། ཆབ་སྲིད་མགོ་ཁྲིད་ཀྱི་ཁྱད་འཕགས་སྒྱུ་རྩལ་མངའ་བ་བཅས་དང་ཁ་འབྲལ་ཐབས་གཏན་ནས་མེད།

བློ་མཐུན་ཅང་ཙེ་མེན་གྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་པའི་སྐབས་སུ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་འགྱུར་ལྡོག་གལ་ཆེན་དང་འཛམ་གླིང་གི་དམག་དོན་འཕོ་འགྱུར་གསར་པའི་འཕེལ་ཕྱོགས་གསལ་རྟོགས་དང་སྟངས་འཛིན་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཕེལ་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ལ་ཆོད་གཏམ་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་པ་དང་། མའོ་ཙེ་ཏུང་གི་དམག་དོན་དགོངས་པ་དང་ཏིང་ཞའོ་ཕིང་གི་དུས་རབས་གསར་པའི་དམག་དཔུང་འཛུགས་སྐྲུན་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ལ། ཅང་ཙེ་མེན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དགོངས་པ་གསར་དུ་བཏོན་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་དབུ་ཁྲིད་གནང་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ། བློ་མཐུན་ཅང་ཙེ་མེན་མཆོག་གིས། རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དམག་དཔུང་གི་གསར་བརྗེ་ཅན་དང་དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་དང་། ཆབ་སྲིད་ཚད་ལྡན་ཡིན་ཞིང་དམག་དོན་ལ་མཁས་པ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་དམ་པ། འགན་སྲུང་ནུས་ལྡན་ཡིན་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར་དུ། རྒྱལ་ཁ་ལེན་ཐུབ་པ་དང་ངོ་བོ་མི་འགྱུར་བར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་དཔྱད་གཞི་གཉིས་ལ་དམ་དུ་དམིགས་ཏེ། མི་དམངས་དམག་དཔུང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དེ་རང་རེའི་དམག་གི་འཛུགས་སྐྲུན་ལས་རིམ་སོ་སོའི་གཙོ་བོར་བརྩིས་ཏེ། མི་དམངས་དམག་དཔུང་གི་ངོ་བོ་དང་རང་གཤིས། སྤྱོད་ཚུལ་བཅས་ནམ་ཡང་མི་ཉམས་པར་བྱེད་དགོས་པ་དང་། འགོག་སྲུང་ཧུར་ཐག་བྱེད་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ། བརྡ་འཕྲིན་ཅན་གྱི་དམག་དཔུང་འཛུགས་སྐྲུན་དང་བརྡ་འཕྲིན་ཅན་གྱི་དམག་འཁྲུག་ལས་རྣམ་པར་རྒྱལ་བའི་དམིགས་འབེན་ལྟར་དུ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་ཧྲག་དམག་སྐྱོང་བའི་ལམ་དུ་ཞུགས་ཏེ། རང་རེའི་དམག་དེང་རབས་ཅན་དུ་ཐོད་བརྒལ་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པ། ཁྲིམས་ལྟར་དམག་དཔུང་སྐྱོང་བ། བརྩོན་སྲི་ཅན་གྱི་དམག་འཛུགས་བཅས་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་གི་དམག་དཔུང་བཅོས་སྐྱོང་བྱེད་པའི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་རང་རེའི་དམག་འཛུགས་སྐྲུན་གྱི་ལས་དོན་སོ་སོར་སྐུལ་འདེད་གཏོང་དགོས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་སྔར་ལས་མྱུར་མོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། གཏོང་ཚད་ཅུང་ཉུང་ཞིང་ཕན་འབྲས་ཅུང་ཆེ་བའི་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་སྟེང་བསྐྱོད་དགོས། ཞི་འཐབ་ཟུང་འབྲེལ་དང་དམག་དམངས་ཟུང་འབྲེལ། དམག་དོན་གྱིས་དམངས་དོན་ལ་ཕན་འདོགས་པའི་བྱེད་ཕྱོགས་ལྟར་དུ། རྒྱལ་སྲུང་སྐུལ་སློང་གི་ནུས་པ་ཆེ་རུ་གཏོང་བ་དང་། ལག་རྩལ་མཐོན་པོ་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་འོག་ཏུ། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་སུ་བཏང་སྟེ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་མྱོང་། འདི་དག་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་སྟོན་དོན་སྙིང་ཆེན་པོ་ལྡན།

བློ་མཐུན་ཅང་ཙེ་མེན་གྱིས་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ལག་ལེན་ལ་བརྩི་མཐོང་དང་མང་ཚོགས་ལ་བརྩི་མཐོང་བྱས་ལ། དུས་རབས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་ང་ཚོའི་ཏང་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ལ་བརྡར་གཅོད་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བརྗོད་སྙིང་ལ་དམིགས་ནས། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས། ནང་སྲིད་དང་། ཕྱི་འབྲེལ། རྒྱལ་སྲུང་། ཏང་སྐྱོང་དང་རྒྱལ་སྐྱོང་། དམག་སྐྱོང་སོགས་ཕྱོགས་ནས་དགོངས་པ་གསར་པ་དང་ལྟ་ཚུལ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་ནས། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་གནད། གཞི་རྩའི་ཉམས་མྱོང་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཕུལ་དུ་བྱུང་བ་བཞག་ཡོད། ལྷག་པར་དུ་ཁོང་གིས་ཏང་ཡོངས་ཀྱི་རིག་སྟོབས་གཅིག་ཏུ་བསྡུས་ནས་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གསར་གཏོད་མཛད་པ་དང་། ཏང་གིས་བསམ་བློར་མཛུབ་སྟོན་བྱེད་པའི་སྟེང་ཡང་བསྐྱར་བབ་བསྟུན་མདུན་སྐྱོད་ཐེངས་གཅིག་བྱེད་པ་མངོན་འགྱུར་བྱས་ལ། མར་ཁེ་སི་རིང་ལུགས་པ་དངོས་མ་ཞིག་གི་ཆབ་སྲིད་ཀྱི་སྙིང་སྟོབས་ཆེན་པོ་དང་གཞུང་ལུགས་སྙིང་སྟོབས་ཆེན་པོ་མཚོན་པར་བྱས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱིས་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་རེ་བ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཚོན་ལ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་ཞིང་། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཡར་ཐོན་གྱི་སྤྱིར་བཏང་གི་ཆོས་ཉིད་གཞི་འཛིན་སར་བྱས་པ་དང་། དུས་རབས་གསར་པའི་འཕེལ་ཕྱོགས་དང་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་རེ་བ་དང་མཐུན་ལ།  རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་མཚོན་པ་དང་། གནས་བབ་གསར་པའི་འོག་ཏང་གི་སྲིད་འཛིན་ནུས་པ་མཐོར་འདེགས་གཏོང་བ་དང་ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ། ཏང་གི་སྲིད་འཛིན་འགན་འཁྲི་ཡོངས་འགྲུབ་བྱེད་པའི་གཞི་རྩ་བཅས་ནན་སྟོན་བྱས་ཡོད། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་ཆེས་མངོན་གསལ་གྱི་ཁྱད་ཆོས་དང་ཆེས་འབུར་ཐོན་གྱི་བྱས་རྗེས་ནི། འབྲེལ་འདྲིས་དམ་ཞིང་ཕན་ཚུན་འབྲེལ་མཐུད་ཀྱི་བསམ་བློ་གསར་པ་དང་ལྟ་ཚུལ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་སྤྱད་དེ། ཅི་ཞིག་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱེད་པའི་གནད་དོན་ལ་ལན་བཏབ་པ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཏང་ཅི་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པའི་གནད་དོན་ལ་ལན་བཏབ་ཅིང་། མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་བྱས་པ་དང་འཕེལ་རྒྱས་སུ་བཏང་ལ། ང་ཚོས་དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཏང་གི་འཛགས་སྐྲུན་ལ་ཤུགས་སྣོན་པའི་ཆོས་ཉིད་ཐད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་།

བློ་མཐུན་ཅང་ཙེ་མེན་གྱིས་ཏང་དང་མི་དམངས་ཀྱི་ལས་དོན་དང་འབྲེལ་བའི་འཐབ་ཇུས་གནད་དོན་གལ་ཆེན་ལ་ཧ་ཅང་མཐོང་ཆེན་གནང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པར་གྲ་སྒྲིག་བྱེད་པའི་སྐབས་སུ། བློ་མཐུན་ཅང་ཙེ་མེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡུན་རིང་འཕེལ་རྒྱས་སུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་བྱེད་ཆེད། རང་འགུལ་གྱིས་ཀྲུང་དབྱང་མགོ་ཁྲིད་ཀྱི་འགན་བཞེས་མཚམས་འཇོག་རྒྱུ་མ་ཟད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནས་ཕྱིར་འབུད་རྒྱུའི་རེ་བ་ཞུས་ཏེ། ཏང་དང་རྒྱལ་ཁབ་ཀྱི་མཐོ་རིམ་མགོ་ཁྲིད་གསར་རྙིང་བརྗེ་སྤོར་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་། ཏང་ཀྲུང་དབྱང་བློ་མཐུན་ཅང་ཙེ་མེན་གྱི་རེ་ཞུ་ལ་འཐད་པ་བྱུང་། སྐབས་དེའི་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྕི་བར་བསམ་གཞིགས་བཏང་ནས། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བློ་མཐུན་ཅང་ཙེ་མེན་གྱིས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་མུ་མཐུད་དུ་ཁུར་རྒྱུའི་ཐག་བཅད། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་རྗེས་སུ། བློ་མཐུན་ཅང་ཙེ་མིན་གྱིས་སྟོབས་ཤུགས་ཡོད་རྒུས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་སྐབས་གསར་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་བྱ་བར་རྒྱབ་སྐྱོར་བྱས་པ་དང་། སེམས་ཤུགས་ཡོད་ཚད་བཏོན་ནས་ཏང་ཀྲུང་དབྱང་གིས་ཁོང་ལ་སྤྲད་པའི་འགན་འཁྲི་ལག་བསྟར་བྱས། ཉིས་སྟོང་བཞི་ལོར། བློ་མཐུན་ཅང་ཙེ་མེན་གྱིས་ཏང་དང་རྒྱལ་ཁབ་ལས་དོན་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་དོན་ཆེན་བསམ་ནས། རང་འགུལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་མཚམས་འཇོག་རྒྱུ་རེ་འདུན་ཞུས་པ་དེས་ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཐུགས་དགོངས་ཟབ་མོ་བཞེས་ཡོད་པ་མཚོན།

མགོ་ཁྲིད་ཀྱི་ལས་རྐང་སྟེང་ནས་བུད་རྗེས། བློ་མཐུན་ཅང་ཙེ་མེན་གྱིས་ཏང་ཀྲུང་དབྱང་གི་བྱ་བར་མཐའ་གཅིག་ཏུ་བརྩི་མཐོང་དང་རྒྱབ་སྐྱོར་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་ཐུགས་ཁུར་མཛད་ཅིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་། ཉིས་སྟོང་དྲུག་ལོར། བློ་མཐུན་ཅང་ཙེ་མེན་གྱིས་སྐུ་དངོས་སུ་མགོ་འཛིན་མཛད་ནས་ཅང་ཙེ་མེན་གྱི་རྩོམ་ཡིག་གཅེས་བསྡུས་ཀྱི་པོད་དང་པོ་དང་པོད་གཉིས་པ། པོད་གསུམ་པ་བཅས་རྩོམ་སྒྲིག་དང་ཞུ་དག་གནང་། ཅང་ཙེ་མེན་གྱི་རྩོམ་ཡིག་གཅེས་བསྡུས་ནང་གཙོ་བོར་བློ་མཐུན་ཅང་ཙེ་མེན་གྱིས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་མཇུག་ནས་དུས་རབས་ཉེར་གཅིག་པའི་འགོའི་བར་མཚོན་བྱེད་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་བརྩམས་ཆོས་གལ་ཆེན་བསྡུས་ཏེ། ང་ཚོས་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་མུ་མཐུད་དུ་སྐུལ་འདེད་གཏོང་བའི་ཐད་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད།

བློ་མཐུན་ཅང་ཙེ་མེན་གྱི་ཐུགས་རྒྱ་ཆེ་ཞིང་མཁྱེན་རྒྱ་ཡངས་ལ། ནམ་རྒྱུན་ཀྲུང་གོ་དང་འཛམ་གླིང་གི་འཕེལ་རྒྱས་ཆེ་ཕྱོགས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ནས་གནད་དོན་ལ་ཐུགས་དགོངས་གནང་སྟེ། རྒྱུན་ཆད་མེད་པར་གཞུང་ལུགས་གསར་གཏོད་དང་ཕྱོགས་གཞན་པ་སོ་སོའི་གསར་གཏོད་ལ་སྐུལ་འདེད་བཏང་། བློ་མཐུན་ཅང་ཙེ་མེན་གྱི་ཡིད་ཆེས་བརྟན་ཞིང་ལས་དོན་ཐག་གཅོད་གང་ལེགས་བྱེད་ལ། དུས་རྒྱུན་ཏང་དང་མི་དམངས་སེམས་ཀྱི་ཆེས་མཐོ་བའི་གོ་གནས་སུ་བཞག་སྟེ། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་གུང་ཁྲན་ཏང་མིའི་ཕུགས་བསམ་དང་ཡིད་ཆེས་རྒྱུན་འཁྱོངས་གནང་བ་དང་། གནད་འགག་གི་དུས་སྐབས་སུ་ཐབས་ཇུས་གནད་འཁེལ་འདོན་པའི་སྤྱིར་བཏང་མ་ཡིན་པའི་བློ་སྤོབས་དང་གཞུང་ལུགས་གསར་གཏོད་བྱེད་པའི་བློ་སྤོབས་ལྡན། བློ་མཐུན་ཅང་ཙེ་མེན་གྱིས་ལག་ལེན་ལ་བརྩི་འཇོག་དང་བབ་བསྟུན་མདུན་སྐྱོད་བྱས་ཏེ། དུས་ངེས་མེད་དུ་དུས་རབས་འཕེལ་རྒྱས་ཀྱི་འཕར་རྩ་དང་གོ་སྐབས་དམ་འཛིན་མཛད་ཅིང་། ཏང་དང་མི་དམངས་ཀྱི་ལག་ལེན་དངོས་ལ་རྐང་བཙུགས་ནས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་ཐབས་ལམ་འཚོལ་ཞིབ་བྱེད་ལ། དོན་དངོས་ལ་བསྟུན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་། བློ་མཐུན་ཅང་ཙེ་མེན་གྱིས་མང་ཚོགས་ལ་བརྩི་འཇོག་དང་མང་ཚོགས་ལ་ཐུགས་ཁུར་བྱེད་ལ། རྒྱུན་པར་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་ཐུགས་སུ་འཛིན་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་གཞིར་བཟུང་ནས་བྱ་བར་ཞིབ་བཤེར་དང་སྐུལ་འདེད་གཏོང་། བློ་མཐུན་ཅང་ཙེ་མེན་གྱི་ཕུལ་དུ་བྱུང་བའི་གཤིས་ཀ་དང་བླ་ན་མེད་པའི་སྤྱོད་ཚུལ་གྱིས་དུས་གཏན་དུ་ང་ཚོ་མདུན་སྐྱོད་བྱེད་པར་སློབ་གསོ་བཏང་ནས་སྐུལ་མ་གཏོང་གིན་ཡོད།

བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པ་དེ་རང་རེའི་ཏང་དང་རང་རེའི་དམག་དཔུང་། རང་རེའི་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱིས་གདུང་སེམས་སྟོབས་ཤུགས་སུ་བསྒྱུར་ཏེ། བློ་མཐུན་ཅང་ཙེ་མེན་གྱི་སེམས་འདུན་རྒྱུན་འཛིན་བྱས་ནས། དོན་དངོས་ཀྱི་བྱ་སྤྱོད་ལས་ང་ཚོའི་མྱ་ངན་མཚོན་པར་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན།

ང་ཚོ་ངེས་པར་དུ་རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་བྱེད་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེར་སྐུལ་ཁྲིད་བྱས་ནས། ང་ཚོའི་ཏང་གིས་ཐོག་མའི་སེམས་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བར་བྱེད་དགོས།

ང་ཚོས་ངེས་པར་དུ་མར་ཁི་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་ལ་ཟུང་འབྲེལ་བྱེད་པ་དང་། ཀྲུང་གོའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་གཉེར་བཅས་རྒྱུན་འཁྱོངས་བྱེད་པ། གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པར་བྱས་ཏེ། དུས་རབས་གསར་པའི་རླབས་ཆེན་ལག་ལེན་ཁྲོད་དུ་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་ནས། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ལ་སྔར་ལས་འོད་སྟོང་ལྡན་པའི་བདེན་ལུགས་ཀྱི་གཟི་མདངས་རྒྱས་སུ་འཇུག་དགོས།

ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་གི་སྟོབས་ཤུགས་རྩལ་དུ་འདོན་སར་བརྩི་བ་དང་ཀྲུང་གོ་དར་རྒྱས་གོང་སྤེལ་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་སེམས་གཅིག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་དཔལ་ཡོན་རྣམ་པ་གསར་སྐྲུན་བྱེད་དགོས།

ང་ཚོས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཤིང་། མང་ཚོགས་ཀྱི་ལྟ་ཚུལ་ཆགས་སུ་འཇུག་པ་དང་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པ། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས། ཡོད་ཚད་མི་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་ལ་བརྟེན་པ་དང་། མང་ཚོགས་ཁྲོད་ནས་ཡོང་བ་དང་ཕྱིར་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ་དང་ལས་སྐལ་གཅིག་མཐུན་ཡོང་བ། གཅིག་སེམས་གཅིག་ལ་སྦྲེལ་བ་བཅས་རྒྱུན་འཁྱོངས་བྱེད་དགོས།

ང་ཚོས་ངེས་པར་དུ་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་། བློ་མཐུན་ཅང་ཙེ་མེན་གྱི་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་སྤྱོད་བཟང་ལ་སློབ་སྦྱོང་། ཁོང་གིས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་ཚུལ། བྱེད་ཐབས་བཅས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་བ་ཐག་གཅོད་བྱེད་པའི་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་གསར་གཏོད་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པར་འབད་འབུངས་ཧུར་ལེན་བྱེད་དགོས།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལས་དོན་གྱི་ཁྲོད་དུ། བློ་མཐུན་ཅང་ཙེ་མེན་དང་བཅས་པའི་རབས་མང་བོའི་གུང་ཁྲན་ཏང་མིའི་སེམས་ཤུགས་དང་རྔུལ་ཁྲག་འདུས་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ། ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་མཐུན། འབད་བརྩོན་ལྷོད་མེད། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

བློ་མཐུན་ཅང་ཙེ་མེན་གྱི་མཛད་འཕྲིན་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག

                                            ཕྱུག་ལོ།བསོད་ནམས་ཚེ་རིང་།བན་དེ་སྐྱབས།རིན་ཆེན་མཚོ་བཅས་ཀྱིས་བསྒྱུར།