མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2022.12.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ་དང་། བློ་རྩ་བརྟན་པོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་སེལ་བ། གཙོ་གནད་ས་ཁུལ་གྱི་རིམས་ནད་འགོག་སྡོམ་ཚར་གཅོད་དམག་འཐབ་བཟང་བོར་སྤེལ་བ། གོ་རིམ་ལྡན་པའི་སྒོ་ནས་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་པ། སྤྱི་ཚོགས་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་གནོད་པ་ཇེ་ཆུང་དུ་གཏོང་དགོས།

ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་ཁེལ་འགའ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ལག་བསྟར་བྱེད་པའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱས་ནས། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་འགན་འཁྲི་ལག་བསྟར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་ལག་བསྟར་སྒྲིག་སྲོལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་བདུན་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དགུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་དང་ཨེ་ཤ་ཡ་ལྷོ་མའི་འགྲེམ་ཚོགས་སྐབས་དྲུག་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་མཉམ་ལས་མཉམ་རྒྱལ་གྱི་བར་སྟོང་གསར་བ་རྒྱ་བསྐྱེད་དེ། ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་བ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་གཞི་གྲངས་ཅན་གྱི་འགྱུར་ལྡོག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་འབྱུང་བར་སྐུལ་འདེད་བཏང་ནས། གཞི་གྲངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་ཆེར་སྐྱེད་དང་ལྡབ་འཕར་ནུས་པ་འདོན་སྤེལ་བྱེད་དགོས། འབྲུ་རིགས་ནུས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས།

ཚོགས་ཐོག་ཏུ་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་སྲིད་ཇུས་བྱེད་ཐབས་སྡེབས་གཅིག་ལག་བསྟར་ཟབ་མོ་བྱེད་པ་དང་། ལས་ཞུགས་དང་རིན་གོང་གཏན་འཇགས་སུ་གཏོང་བ་དང་ཚོང་རའི་གཙོ་གཞི་ལ་འགན་སྲུང་བྱེད་པ། ལས་གཞི་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། སྒྲིག་ཆས་མྱུར་དུ་གསར་བརྗེ་སྒྱུར་བཀོད་བྱེད་པ། འཛད་སྤྱོད་གཏན་འཇགས་སུ་གཏོང་བ་དང་རྒྱ་བསྐྱེད་པ། འགྲིམ་འགྲུལ་དངོས་སྐྱེལ་གེགས་མེད་ལ་འགན་སྲུང་བྱེད་པ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་བ། གཞི་རྩའི་དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། ཧུར་ཐག་གིས་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་བར་སྟོང་དུ་སྲུང་འཛིན་བྱེད་དགོས།

ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ཏུ། ཞིང་ལས་ཞིང་སྡེ་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། བརྟན་འཇགས་ངང་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཕྱིར་དབུལ་བོར་འགྱུར་བ་འགོག་པར་སྔར་ལས་དོ་སྣང་བྱེད་པ། སྦྲེལ་མཐུད་དམ་འཛིན་དང་དར་སྤེལ་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཕན་འདོགས་པ་དང་སྤུས་ཚད་མཐོར་འདེགས་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། ཁྱབ་ཁོངས་སྔར་ལས་ཆེ་བ་དང་རིམ་པ་སྔར་ལས་ཟབ་པའི་སྒོ་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཞིང་སྡེ་འབྲོག་ཁུལ་གྱི་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཟས་རིགས་བདེ་འཇགས་བྱ་བའི་འགན་འཁྲི་གསལ་ཁྲ་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་གྲོང་གསེབ་དང་གྲོང་རྡལ། སྡེ་བའི་སྲང་ལམ་མིང་གྲགས་ཅན་ངོས་འཛིན་བྱེད་ཐབས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། སྤྱི་ཚོགས་མཉམ་བཅོས་ཇེ་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ལོ་རྒྱུས་རིག་གནས་གྲོང་གསེབ་མིང་གྲགས་ཅན་སྲུང་སྐྱོབ་བྱེད་པའི་བྱ་བ་དམ་འཛིན་བྱེད་པ། རྩིས་ཐོ་དོ་དམ་སྲུང་སྐྱོབ་དང་ཆ་སྡེབས་སྲིད་ཇུས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་བརྒྱུད་དེ། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་དྲན་ཤེས་སོར་ཉར་བྱེད་པ་དང་། མི་རྣམས་ཀྱིས་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་ཕ་ཡུལ་མི་བརྗེད་པར་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།