མཚོ་སྔོན་གྱི་ས་ཆ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུས།
2022.12.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་བསྡུས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ནས་གཅིག་བསྡུས་སྒོས་མྱ་ངན་ཚོགས་ཆེན་ལ་བལྟས་ཏེ། གུས་པར་འོས་པའི་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་པེ་ཅིང་ནས་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་ལ་ཞུགས།

མཚོ་སྔོན་ཚོགས་འདུ་ལྟེ་གནས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་འཐུས་ཚབ་བཅས་ཀྱིས་བྲང་ཁར་མེ་ཏོག་དཀར་པོ་བཏགས་ནས་སྐྱོ་གདུང་ཆེན་པོས་མྱ་ངན་ཚོགས་ཆེན་ལ་བལྟ་ཉན་བྱས་ཏེ། བློ་མཐུན་ཅང་ཙེ་མེན་ལ་རྗེས་དྲན་དང་མྱ་ངན་ཞུས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། མྱ་ངན་ཞུ་བའི་ཚོགས་ཆེན་དངོས་སུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་མཁའ་ཟོན་ཉེན་བརྡ་བསྒྲགས་པ་དང་། རླངས་འཁོར་གྱི་དུང་བརྡ་མཉམ་སྒྲོག་བྱས་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ས་ནས་མྱ་ངན་ཞུས། ལས་ཁུངས་དང་གྲོང་ཁྱེར་གྲོང་གསེབ། བཟོ་གཏེར་ཁེ་ལས། ཉེན་རྟོག་དམག་སྒར་སོགས་སུ། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱ་ངན་ཚོགས་ཆེན་སྟེང་ཕུལ་བའི་མྱ་ངན་ཞུ་ཚིག་ལ་ཉན་པ་དང་། བློ་མཐུན་ཅང་ཙེ་མེན་གྱི་རླབས་ཆེ་ཞིང་འོད་སྟོང་འབར་བའི་སྐུ་ཚེ་གང་བོར་ཕྱིར་དྲན་བྱས་ལ། བློ་མཐུན་ཅང་ཙེ་མེན་ལ་གུས་འདུད་ལན་གསུམ་ཞུས་ནས། བློ་མཐུན་ཅང་ཙེ་མེན་ལ་རྗེས་དྲན་དང་མྱ་ངན་ཞུས།

ཚང་མས་མཐའ་གཅིག་ཏུ། བློ་མཐུན་ཅང་ཙེ་མེན་ནི་རང་རེའི་ཏང་དང་རང་རེའི་དམག རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་མཚན་སྙན་བླ་མེད་ཀྱི་ཕུལ་བྱུང་མགོ་ཁྲིད་མི་སྣ་དང་། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་གྱི་ཕུལ་བྱུང་མགོ་ཁྲིད་པ། ཏང་གི་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་གསར་གཏོད་པ་གཙོ་བོ་བཅས་ཡིན། བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པ་དེ། རང་རེའི་ཏང་དང་རང་རེའི་དམག རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ལ་མཚོན་ན་དཔག་ཏུ་མེད་པའི་གྱོང་གུན་ཡིན་ཟེར། ཚང་མས་བསྟན་དོན། སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་བ་དང་། བློ་མཐུན་ཅང་ཙེ་མེན་གྱི་ཐུགས་དགོངས་རྒྱུན་འཛིན་བྱེད་པ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ང་ཚོའི་སྐྱོ་བ་མཚོན་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབྲི་བ། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། དཀའ་སྤྱད་འབད་འཐབ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཟེར།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཀི་ཡུལ་ཚོ་ཐང་ལ་སྡེ་བ་རུ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མིས་སྡེ་དམངས་ཚོ་དང་མཉམ་དུ་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུས་སྐབས་བཤད་རྒྱུར། གཅིག་དགུ་གོ་གསུམ་ལོའི་ཟླ་བདུན་པར། གུས་པར་འོས་པའི་བློ་མཐུན་ཅང་ཙེ་མེན་ང་ཚོའི་སྡེ་བ་རུ་ཕེབས་ནས། ཁོང་གིས་རང་ཁྱིམ་གྱི་རྒན་རབས་དང་འདྲ་བའི་སྒོ་ནས་ང་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ང་ཚོའི་བདེ་སྡུག་གསལ་བོར་དྲིས་ལ། ཁོང་གི་མངག་བཅོལ་གྱིས་ང་ཚོར་དྲོད་ཁོལ་ཆེན་པོ་སྦྱིན་པ་དང་། མང་ཚོགས་ཚོར་འཕེལ་རྒྱས་ཀྱི་རེ་བ་བསྩལ་སོང་། ད་ལྟ་ང་ཚོའི་འཚོ་བ་ཇེ་ལེགས་སུ་སོང་བ་དང་། བློ་སེམས་གཅིག་ཏུ་བསྡུ་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས་འཚོ་བ་སྔར་ལས་ཇེ་བཟང་དུ་བཏང་ན། ད་གཟོད་བློ་མཐུན་ཅང་ཙེ་མེན་ཐུགས་བདེ་བར་བྱེད་ཐུབ་ཟེར།

གཅིག་དགུ་དགུ་བཅུ་ལོའི་ཟླ་བདུན་པར། བློ་མཐུན་ཅང་ཙེ་མེན་གྱིས་སྐམ་དམག་མཚོ་བོད་དམག་ཚིགས་སུ་གཟིགས་ཞིབ་མཛད་སྐབས། ཧ་ཅང་དཀའ་བ་སྤྱོད་ཐུབ་པ་དང་ཧ་ཅང་བཟོད་སྒོམ་བྱེད་ཐུབ་པ། ཧ་ཅང་འཐབ་འཛིང་བྱེད་ཐུབ་པའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་ཕྱག་བྲིས་གནང་། མྱ་ངན་ཚོགས་འདུར་བལྟས་རྗེས། རྒྱ་ཆེའི་དཔོན་དམག་ཚོས་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུས་པ་མ་ཟད། དུས་རབས་གསར་བའི་དམག་ཚིགས་དམག་དཔུང་གི་དཔོན་དམག་གིས། དམག་དཔུང་གི་ཚུལ་སྒྱུར་འཕེལ་རྒྱས་ཐད་བྱས་རྗེས་འཇོག་རྒྱུའི་ཚུལ་བསྟན། 

གཅིག་དགུ་གོ་གཅིག་ལོའི་ཟླ་བརྒྱད་པར། བློ་མཐུན་ཅང་ཙེ་མེན་གྱིས་སྐུ་དངོས་སུ་ཟི་ལིང་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་ཀྱི་མིང་ཕྱག་བྲིས་གནང་བ་དང་། ད་ལྟ་མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་སྟེང་གི་ཟི་ལིང་ཞེས་པའི་ཡིག་འབྲུ་གཉིས་པོ་མངགས་བཅོལ་གལ་ཆེན་ཞིག་དང་འདྲ་བར། མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་ལས་བཟོ་བ་ཚང་མས་འདས་དོན་དེ་ཡིད་ལ་གསལ་བོར་དྲན་ཡོང་ལ། མི་དམངས་མཁའ་འགྲུལ་གྱིས་མི་དམངས་བསམ་ཞེས་པའི་དམིགས་འབེན་ཡང་ང་ཚོའི་སེམས་ལ་དམ་པོར་བཅངས་ཡོད་ཟེར། ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་ཟིའི་ལས་བྱེད་པ་ཡོངས་ཀྱིས། བློ་མཐུན་ཅང་ཙེ་མེན་ལ་བཅངས་པའི་སྐྱོ་གདུང་དང་དྲན་གདུང་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་སྤྱི་གླིང་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣས། ང་ཚོས་སྐྱོ་བ་ཆེན་པོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུས་པ་ཡིན། ལོ་ཉེར་གཉིས་སྔོན་དུ། བློ་མཐུན་ཅང་ཙེ་མེན་གྱིས་སྐུ་དངོས་སུ་ཕྱག་བྲིས་གནང་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་ཅེས་པའི་བྱང་ཡིག་སྔར་བཞིན་འབྲི་ཆུའི་འགྲམ་དུ་ཀྲོང་ངེང་འགྲེང་ཡོད། ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གནམ་སྔར་ལས་སྔོ་བ་དང་ཆུ་སྔར་ལས་དྭངས་ཤིང་། རྩྭ་སྔར་ལས་ལྗང་བ་དང་། ག་ས་གང་དུ་རླུང་ཞི་རླབས་འཇགས་དང་རྩྭ་ཆུ་མཉམ་འདྲེས། སྐྱེ་སྟོབས་འབར་བའི་རྣམ་པ་མངོན་ཡོད། ང་ཚོས་བློ་མཐུན་ཅང་ཙེ་མེན་ལ་བཅངས་པའི་སྐྱོ་སེམས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་ནས། ཆུ་བོའི་རྒྱུན་མི་ཆད་པར་ཁག་ཐེག་བྱེད་པའི་ཐད་ང་ཚོའི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་ཆེའི་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པས་མྱ་ངན་ཚོགས་འདུར་བལྟ་ཉན་བྱས་ཏེ། བློ་མཐུན་ཅང་ཙེ་མེན་གྱི་རླབས་ཆེ་ཞིང་འོད་སྟོང་འབར་བའི་སྐུ་ཚེ་གང་བོར་རྗེས་དྲན་དང་མྱ་ངན་ཞུས་པ་དང་། བློ་མཐུན་ཅང་ཙེ་མེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་མཚོ་སྔོན་གྱི་སྤྱི་བདེའི་བྱ་བའི་ཐད་བཏོན་པའི་སྤྱི་བདེ་བྱ་བར་ཤུགས་བསྣན་ནས། མཚོ་སྔོན་གྱི་གཏན་འཇགས་ལ་སྲུང་སྐྱོང་བྱེད་པའི་རེ་བར་ཕྱིར་དྲན་བྱས། རྒྱ་ཆེའི་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པས། བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུ་བ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྲུང་སྐྱོབ་བྱེད་དགོས་ཟེར།

མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་པའི་ལོ་བཅུ་དྲུག་གི་རིང་ལ། མཚོ་བོད་ལྕགས་ལམ་དེ་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་མི་དམངས་ཀྱི་མི་རིགས་ཀྱི་ལྕགས་ལམ་དང་བདེ་སྐྱིད་ཀྱི་ལྕགས་ལམ། མཐུན་སྒྲིལ་གྱི་ལྕགས་ལམ་དུ་གྱུར་ཡོད་པ་དང་། བློ་མཐུན་ཅང་ཙེ་མེན་གྱིས་མཚོ་བོད་ལྕགས་ལམ་ལྷ་སའི་བར་དུ་རྒྱུན་བསྲིང་ཐུབ་པ་དང་། འཛམ་གླིང་སྟེང་གི་ས་བབ་ཆེས་མཐོ་བ་དང་། ལམ་ཐིག་ཆེས་རིང་བའི་མཐོ་སྒང་གི་ལྕགས་ལམ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་ཐད་བསུབ་ཐབས་མེད་པའི་མཛད་རྗེས་བཞག་ཡོད་ལ། ཁོང་གིས་ཞུམ་མེད་ཀྱི་སྙིང་སྟོབས་དང་བབ་བསྟུན་མདུན་སྐྱོད་ཀྱི་མཐོང་རྒྱ་ཆེན་པོ་དང་ལྟ་བ་ཟབ་མོ། མཐའ་མཚམས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རླབས་ཆེན་གྱི་ཆོད་སེམས་ཀྱིས་མཚོ་བོད་ལྕགས་ལམ་གྱི་མི་རེ་རེར་སྐུལ་མ་ཆེན་པོ་བཏང་། ཁོ་ཚོས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཚོ་བོད་ལྕགས་ལམ་གྱི་བདེ་འཇགས་ཤར་བགྲོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁག་ཐེག་བྱས་ཏེ། མུ་མཐུད་དུ་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་ཐད་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།