ཞིང་ཆེན་རིམ་པའི་སྤྱིའི་ནགས་དཔོན་དང་རྩྭ་དཔོན་གྲོས་ཚོགས་ཟི་ལིང་དུ་བསྡུས།
2022.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་རིམ་པའི་སྤྱིའི་ནགས་དཔོན་དང་རྩྭ་དཔོན་གྱི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་དཔོན་ལམ་ལུགས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ལ། གོ་རིམ་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྤྱིའི་ནགས་དཔོན་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་སྤྱིའི་ནགས་དཔོན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཞིན་ཁྲང་ཞིང་གིས་བསྟན་དོན། ནགས་དཔོན་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ལམ་ལུགས་གསར་གཏོད་གལ་ཆེན། ནགས་རྩྭའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ།  ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་གཏན་ཁེལ་དང་སྔར་ལས་གལ་ཆེན་གསུམ་གྱི་འཐབ་ཇུས་གོ་གནས་ཡིད་ལ་དམ་པོར་འཛིན་པ། རང་བྱུང་ཁམས་ལ་བརྩི་མཐོང་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ཀྱི་ཆོས་ཉིད་ལྟར་བྱ་བ་བསྒྲུབ་ནས། ནགས་དཔོན་ལམ་ལུགས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ནུས་པ་སྔར་ལས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ནགས་རྩྭ་ནི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་བྱེ་དར་གྱི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། མཚོ་སྔོན་གྱི་དམིགས་བསལ་དང་གལ་ཆེ་བའི་སྐྱེ་ཁམས་ཕྲེང་འབྲེལ་ཁྲོད་རྨང་གཞི་རང་བཞིན་དང་རྩ་བའི་རང་བཞིན་གྱི་གོ་གནས་ཟིན་པ་དང་། དེ་སྐྱེ་ཁམས་དང་འབྲེལ་བ་ཡོད་ལ། དཔལ་ཡོན་དང་དེ་ལས་ཀྱང་འབྲེལ་བ་ཡོད་པས། ངོས་ཟིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་བ་དང་། ལངས་གནས་མཐོར་འདེགས་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ཡིན་པའི་མཐོ་ཚད་ནས་ནགས་རྩྭའི་གོ་གནས་གལ་ཆེན་ལ་ངོས་འཛིན་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་རྒྱལ་དོན་གལ་ཆེན་ཡིད་ལ་འཛིན་པ། མཚོ་སྔོན་གྱི་ནགས་རྩྭའི་བྱ་བ་བཟང་བོར་བསྒྲུབ་པ། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ། རྩྭ་ཐང་དང་སྒོ་ཕྱུགས། འབྲོག་དམངས་བར་གྱི་འགལ་རྩོད་ཐག་གཅོད་རྒྱུ་ནི་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བའི་འགལ་རྩོད་ཐག་གཅོད་བཟང་བོ་བྱེད་པ་དེ་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་རྒྱུ་དུས་ནམ་ཡང་གོ་གནས་གཙོ་བོར་བཞག་སྟེ། སྐྱེ་ཁམས་མཛའ་མཐུན་དང་ལྗང་མདོག་ཐཱན་དམའ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དགོས། གཙོ་གནད་བྱ་བ་དམ་འཛིན་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོ་འཛུགས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་བྱེད་པ། ནགས་ས་དང་རྩྭ་ས། བརླན་ས། ས་རྒོད། ས་གཞི་ཆེན་པོའི་མཛེས་ལྗོངས་བཅས་སྐྱེ་ཁམས་བར་སྟོང་ཆེན་པོ་ལྔར་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོ། སྐྱེ་ཁམས་བསྐྱར་འཛུགས། སྐྱེ་ཁམས་དམངས་ཕྱུག སྐྱེ་ཁམས་ཞབས་ཞུ། སྐྱེ་ཁམས་བདེ་འཇགས་ཀྱི་འཐབ་ཕྱོགས་དྲུག་ལ་ཡོངས་སུ་ཁེབས་པར་གཅིག་འདོམས་བྱེད་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པའི་སྟེང་རྒྱུན་མཐུད་ངང་མདུན་གྲས་སུ་བསྐྱོད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཚྭ་འདམ་གཞོང་། གུང་ཧོ་གཞོང་ས། མཚོ་སྔོན་པོའི་བཞུར་རྒྱུད། ཙོང་ཆུའི་བཞུར་རྒྱུད་སོགས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ནགས་ལས་སྐྱེ་ཁམས་དང་ནགས་ལས་ཐོན་ལས་འཛུགས་སྐྲུན་བྱེད་པར་ཤུགས་བཏོན་ནས། སྐྱེ་ཁམས་ཀྱི་ཁེ་སྤོགས་ཕྱིར་འདོན་སྔར་ལས་བཟང་བོ་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པ་དང་། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རིམ་པ་སོ་སོའི་ནགས་དཔོན་དང་རྩྭ་དཔོན་གྱིས་ནགས་རྩྭའི་ཐོན་ཁུངས་ཀྱི་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ལམ་ལུགས་མ་ལག་གསར་གཏོད་དམ་འཛིན་བྱེད་པ། ནགས་དཔོན་རྩྭ་དཔོན་དང་ཆུ་དཔོན་མཚོ་དཔོན་མཉམ་འབྲེལ་དང་། ནགས་དཔོན་རྩྭ་དཔོན་དང་ཞིབ་དཔྱོད་དཔོན་པོ། ཉེན་རྟོག་དཔོན་པོའི་མཉམ་འབྲེལ་སོགས་ཀྱི་མཉམ་ལས་རྐྱེན་སྲོལ་འཚོལ་ཞིབ་བྱེད་པ། ཆ་འཕྲིན་སྒྲོག་སྤེལ་སྟེགས་བུ་འཛུགས་པ། སྨྱན་བྱད་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ལམ་ལུགས་ལ་བརྟེན་ནས་བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་བྱེད་རྒྱུ་དེ་རྨང་གཞི་འདིང་བ་དང་གདང་འདེགས་རིམ་སྤོར་གྱི་གནད་འགག་དུས་རིམ་དུ་སླེབས་ཡོད་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ནགས་ལས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། ནགས་ཚལ་ཐོན་ཁུངས་དང་རྩྭ་སའི་ཐོན་ཁུངས། རི་སྐྱེས་སྲོག་ཆགས། བརླན་ས་སྲུང་སྐྱོང་དང་ཞན་འགྱུར་བརླན་སའི་སྐྱེ་ཁམས་སླར་གསོ་བྱེད་པར་ཤུགས་བསྣན་ནས། སྲུང་སྐྱོང་བྱེད་པའི་སྟེང་ཡང་བསྐྱར་ཤུགས་སྣོན་དགོས། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། ནགས་རྩྭའི་ཐཱན་བསྡུས་འགུལ་སྐྱོད་ལག་བསྟར་བྱེད་པ། སྐྱེ་ཁམས་ཐོན་རྫས་སྲུང་སྐྱོང་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ནགས་རྩྭའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་བཟང་བོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ལེགས་འཚོ་བ་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བར་བྱེད་དགོས། སྐྱེ་ཁམས་དོ་སྲུང་ནུས་པ་མཐོར་འདེགས་གཏོང་རྒྱུ་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། དོ་དམ་བྱེད་ཐབས་དང་རྣམ་པ་གསར་གཏོད་བྱེད་པ། ལྟ་ཞིབ་ཆུ་ཚད་མཐོར་འདེགས་གཏོང་བ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ལམ་ལུགས་ཀྱི་འགན་སྲུང་ལ་ཤུགས་བསྣན་ནས། ནགས་ཚལ་རྩྭ་ཐང་གི་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། མིག་སྔར། དགུན་དུས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་འགོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། དུས་ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། ནགས་ཚལ་རྩྭ་སའི་མེ་འགོག་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ནགས་ཚལ་རྩྭ་སར་མེ་སྐྱོན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་ནགས་རྩྭའི་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཁྲིན་རུའེ་ཧྥིན་དང་ཀྲུའུ་ཞང་ཧྥིན་གཉིས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་ཡིས་ཞིང་ཆེན་ཡོངས་ཀྱི་ནགས་དཔོན་ལམ་ལུགས་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། གྲོང་ཁྱེར་དང་ཁུལ་གཞན་པས་ཡིག་ཐོག་བརྗེ་རེས་བྱས།

ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་ཚོད་ལྟའི་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཀྱི་སྐུལ་སློང་བྱེད་ཐབས་ལག་བསྟར་བྱེད་པའི་ཚོད་ལྟའི་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རིན་ཆེན་མཚོས་བསྒྱུར།