མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེ་དུས་ཀྱི་བདེ་འཇགས་བརྟན་འཇགས་སྲུང་སྐྱོང་བྱ་བར་བཀོད་སྒྲིག་བྱས།
2022.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཡིས་མགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་དང་། དུས་ཆེན་གཉིས་དང་ཚོགས་ཆེན་གཉིས་སྐབས་སུ་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མིག་སྔའི་བརྟན་འཇགས་སྲུང་སྐྱོབ་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེ་དུས་ཀྱི་བདེ་འཇགས་བརྟན་འཇགས་སྲུང་སྐྱོང་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་སྐུལ་སློང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་ན། གཙོ་གནད་འགོག་སྡོམ་དང་ཆེད་དོན་གྱོད་གཞིའི་མྱུལ་ཞིབ། འགོག་སྲུང་ཐག་གཅོད་སོགས་ཀྱི་བྱ་བའི་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཆབ་སྲིད་བདེ་འཇགས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། ཁྲིམས་ལྟར་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་བྱེད་པ་དང་། དམངས་བདེ་དམངས་ཕན་ཞབས་ཞུ་བརྟན་བརླིང་ངང་སྤེལ་ནས། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས། རིགས་མི་འདྲ་བའི་འགལ་རྩོད་སྣ་ཚོགས་རྟོག་སེལ་ཟབ་མོ་བྱས་ཏེ། རང་འགུལ་གྱིས་བརྟན་འཇགས་ཚོད་འཛིན་ལ་སྣེ་ཁྲིད་བྱེད་པ་དང་འགལ་རྩོད་ཐག་གཅོད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། སྤྱི་ཚོགས་ངོས་ཀྱི་སྤྱིའི་འགོག་སྡོམ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སྤྱི་ཚོགས་ངོས་ཀྱི་སྤྱིའི་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་དང་བགྲོད་ལམ་བརྟག་བཤེར། སྐབས་བསྟུན་འཐེན་ཞིབ་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ་དང་། བདེ་སྐྱོང་གནོད་འཚེའི་དོན་རྐྱེན་ཆེན་པོ་འབྱུང་བར་བཀག་འགོག་བྱེད་དགོས། དཔུང་སྡེའི་སློབ་གསོ་དོ་དམ་དམ་འཛིན་བྱས་ནས། དཔུང་སྡེ་ཡིས་འཐབ་རྩོད་ནུས་པ་ཆེན་པོ་ནམ་ཡང་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས། ཚད་མཐའི་བསམ་བློ་སྔར་ལས་བརྟན་པོ་འཛུགས་པ་དང་། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བརྟན་འཇགས་སྲུང་སྐྱོང་བྱ་བའི་སྤྱི་ཡོངས་དང་འབྲེལ་བའི་ཉེན་ཁར་དམ་དུ་དམིགས་པ། གནད་དོན་འབྱུང་སླ་བའི་ཉམས་ཞན་དུས་རིམ་ལ་དམ་དུ་དམིགས་པ། དོན་རྐྱེན་འབྱུང་སླ་བའི་གནད་འགག་རྒྱུ་རྐྱེན་ལ་དམ་དུ་དམིགས་པ། བྱ་བའི་བྱེད་ཐབས་སྔར་ལས་ཇེ་ཞིབ་ཏུ་གཏོང་བ། བྱ་བའི་སྤྱོད་ཚུལ་དངོས་དང་འགན་འཁྲི་རྩད་གཅོད་རྐྱེན་སྲོལ་ནན་མོས། མགོ་ཁྲིད་ཀྱི་འགན་འཁྲི་དང་ཁོངས་གཏོགས་ས་ཆའི་འགན་འཁྲི། སྡེ་ཁག་གི་འགན་འཁྲི། ལས་རྐང་གི་འགན་འཁྲི་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བརྟན་འཇགས་སྲུང་སྐྱོབ་བྱ་བ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།