ཟླ་དང་པོའི་ཚེས་བརྒྱད་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས་པ་དང་། མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། པད་ཁོ་དང་དབྱང་ཧྥིན་ཁྲུན་གཉིས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པ་དང་། མཱ་ཅི་ཞའོ་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ལིས། ཀྲང་ཝུན་ཁུའེ། མཱ་ཧེ་དབྱིན། ཝང་ཞོན། ཀྲང་ཞའོ་རོང་། མ་ཧྥིན་ཧྲིན། ལིའུ་ཏ་ཡེ། དེ་མིན་དབྱང་ཁི་ཞང་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཆབ་སྲིད་ལས་འགན་དང་པོ་ཡིན་པས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ལྟར། སློབ་སྦྱོང་དང་ལག་བསྟར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་གཙོ་སྙིང་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་གཅིག་སྡུད་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་དང་འཐབ་ཕྱོགས་གཅིག་གྱུར་ཀྱི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་མ་ཟད། དཀའ་སྤྱད་འབད་འཐབ་སྒོས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་སྲིད་གྲོས་ཀྱི་རིག་སྟོབས་དང་ནུས་པ་འདོན་དགོས།
གྲོས་ཚོགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་མཚོ་སྔོན་མདུན་དུ་སྐྱོད་པའི་ཐབས་ལམ་དང་ཇུས་གཞི་ལ་དམིགས་ཏེ་ཆེད་དོན་སྲིད་གླེང་བྱས། དབྱང་ཧྥིན་ཁྲུན་གྱིས་ཆེད་དོན་བྱ་བའི་སྙན་ཞུ་ཕུལ་བ་དང་། རིན་ཆེན་རྣམ་རྒྱལ་གྱིས་དུས་སྐབས་སྔོན་གྱི་རྟོག་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། ཨུ་ཡོན་བཞིས་གཏམ་བཤད། གྲོས་ཚོགས་ལ་ཞིབ་འཇུག་དཔྱད་གཞི་དང་ཆེད་ཞུའི་ཟིན་བྲིས། ཡིག་ཐོག་གི་རྒྱུ་ཆ་ང་གཉིས་འབྱོར།
དབྱང་ཧྥིན་ཁྲུན་གྱིས་རང་ཞིང་གི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་མདུན་དུ་སྐྱོད་པའི་བྱ་བའི་གནས་ཚུལ་དང་ཕྱིན་ཆད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ཕྱོགས་ཡོངས་ནས་མཚམས་སྦྱོར་བྱས་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ཏང་གི་མགོ་ཁྲིད་དེ་མི་རིགས་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་སྦྲེལ་ཏེ། ཀླད་པ་གསལ་ཞིང་མི་སེམས་གཅིག་བསྡུས་བྱེད་རྒྱུ་དེ་འབུར་ཐོན་གོ་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་སྒོས་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་བསྲེས་བཅས་བྱེད་པར་སྐུལ་འདེད་གཏོང་བ། ཧུར་ཐག་སྒོས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལ་ཞུགས་པའི་བློ་མཐུན་རྣམས་ཀྱིས་བལྟས་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཐོག་མར་གསར་སྐྲུན་བྱས་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད། རྟོག་ཞིབ་གནས་ཚུལ་ལྟར། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་ཟུང་འབྲེལ་བྱེད་ས་འཚོལ་ཞིབ་བྱས་ཏེ། ཕན་ཚུན་ལ་སྐུལ་སྤེལ་བྱེད་པ་དང་ཕན་ཚུན་ལ་ཁེ་ཕན་ཐོབ་པའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་ལག་ལེན་རྟེན་གཞི་གཙོ་གནད་དུ་བཟུང་སྟེ། དཔེ་མཚོན་གྱིས་སྣེ་ཁྲིད་དང་དཔེ་སྟོན་གྱིས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པར་ཡིད་འཇོག་བྱེད་དགོས་ལ། མཚོ་སྔོན་གྱི་རིག་གནས་ཁྱད་སྟོབས་ལ་རྐང་བཙུགས་ཏེ། ཧུར་ཐག་སྒོས་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་ཉམས་ཞིབ་ཁང་གི་ལས་གཞི་མྱུར་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་སྒོས་མི་རིགས་སོ་སོར་དབང་བའི་བསམ་བློའི་ཁྱིམ་གཞི་གསར་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།
བཀྲ་ཤིས་འབུམ་གྱིས་བསྒྱུར།