ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སོགས་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད་རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་སྤྲད་དེ་གྲོས་ཞིབ་བྱེད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་སོགས་ཡིག་ཆའི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན།
གྲོས་ཚོགས་ནས་བསྟན་དོན། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་བ་མགོ་ཚུགས་པའི་གནད་འགག་གི་སྐབས་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་མཐོང་ལམ་ཡངས་ཤིང་དགོངས་དོན་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པ་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་བོར་སྒྲུབ་པར་གཞི་རྩའི་མཛུབ་སྟོན་འདོན་སྤྲོད་བྱས། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་རྒྱུ་དེ་དོན་དངོས་ཀྱི་བྱ་སྤྱོད་ཁྲོད་དུ་དངོས་འབེབས་གང་ལེགས་བྱེད་པ་དང་། མ་རྩོམ་ཀློག་པ་དང་རྩ་བའི་རིགས་པར་གོ་བ་ལེན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། སློབ་སྦྱོང་ནན་མོ་བྱེད་པ་དང་ཡང་དང་བསྐྱར་དུ་སློབ་སྦྱོང་བྱེད་པ། ནམ་ཡང་གདོང་མཆོང་དུང་བརྡ་བསྒྲགས་པ་དང་རྒྱུན་མི་ཆད་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་བརྡ་གསལ་བོ་བཏང་བར་གོ་བ་ཟབ་མོ་ལེན་པ་དང་། ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཐག་གཅོད་པའི་བརྗོད་གཞི་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བའི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་འགན་སྲུང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པར་གོ་བ་ཟབ་མོ་བླངས་ཏེ། རྣམ་རིག་གསལ་བོ་སྲུང་འཛིན་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་དགོས་པར་མ་ཟད། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ལམ་གྱིས་ཚོད་འཛིན་བྱས་པའི་ནང་དོན་རེ་རེ་ལྟར། སྐྱོད་ལམ་གསར་བའི་སྟེང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལེའུ་གསར་བ་འབྲི་དགོས།
གྲོས་ཚོགས་ནས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། གྲོས་ཚོགས་ནས་བསྟན་དོན། ན་ནིང་གི་ལོ་མཇུག་དང་ད་ལོའི་ལོ་སྟོད་ནི་བདེ་འཇགས་ཐོན་སྐྱེད་ཐད་ནས་དོན་རྐྱེན་འབྱུང་རྒྱུ་མང་བའི་དུས་སྐབས་ཤིག་ཡིན་པས། བདེ་འཇགས་ཐོན་སྐྱེད་གནས་བབ་དང་ལས་འགན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། རྒྱུན་འཁོངས་ལྷོད་མེད་བྱེད་པ་དང་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ། སྔར་ལས་ཞིབ་ཕྲ་སྒོས་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་དགོས། སྲིད་ཏང་གི་འགན་འཁྲི་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་དུ་དོ་དམ་བྱེད་པ། འགན་ཤོར་རྩད་གཅོད་བཅས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་ཕྱོགས་སོ་སོའི་འགན་འཁྲི་དང་ལེན་བཟང་བོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དཔུང་སྡེའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྩ་འཛུགས་མ་ལག་དང་འགན་འཁྲིའི་མ་ལག མགོ་ཁྲིད་མ་ལག་བཅས་ཆ་ཚང་དུ་གཏོང་བ་དང་། དུས་སྐབས་གཙོ་བོ་དང་ས་ཁུལ་གཙོ་བོ། ཁྱབ་ཁོངས་གཙོ་བོ། ཁེ་ལས་གཙོ་བོ་དང་དམ་པོར་སྦྲེལ་ནས་ཉེན་ཁར་ཞིབ་བཤེར་བྱེད་པ་དང་ཉེན་ཁ་འགོག་སྡོམ་བྱེད་དགོས་ལ། འགག་སྒོ་བརྟན་སྲུང་བྱེད་པ་དང་། ལྡོག་མེད་རང་བཞིན་གྱི་བྱ་བའི་ཐད་ནས་སྟེས་དབང་རང་བཞིན་གྱི་དོན་རྐྱེན་ཇེ་ཉུང་དུ་བཏང་ནས། དཔལ་འབྱོར་གྱི་སྤྱི་ཡོངས་བཟང་ཕྱོགས་སུ་འཕེལ་བ་དང་ཉེན་ཁ་ནུས་ལྡན་སྒོས་འགོག་སྡོམ་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་འཇགས་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་བར་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས།
གྲོས་ཚོགས་ནས་པུའུ་ཨུ་ལྔའི་ལས་བྱེད་པ་དང་འཇོན་མིས་ཚོགས་པ་རང་བཞིན་གྱིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་གཙོ་བོར་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་བསྟན་དོན། གོ་སྐབས་ཅིས་ཀྱང་དམ་འཛིན་བྱས་ཏེ། སྤྱི་འདོམས་སྐུལ་འདེད་དང་ཕྱོགས་མང་མཉམ་འབྲེལ་ནུས་པ་ཇེ་ཆེར་གཏོང་བ་དང་། གནད་འཁེལ་དང་མངོན་འགྱུར། རྒྱུན་མཐུད། ཕན་འབྲས་ཐོབ་པའི་བླང་བྱ་ལྟར། དམིགས་འབེན་དང་ལས་འགན་སྔར་ལས་ཞིབ་ཕྲ་བཟོ་བ་དང་། ཟུང་འབྲེལ་བྱེད་ས་འཚོལ་ཞིབ་བྱས་ནས་ཤུགས་འདོན་པ། ཚོགས་པ་རང་བཞིན་གྱི་རོགས་སྐྱོར་ཕན་འབྲས་མཐོར་འདེགས་སུ་གཏོང་བ། ཏན་ཏིག་སྒོས་འདུ་ཤེས་མཐོར་འདེགས་དང་འཇོན་མིའི་རོགས་ཁྲིད། ལམ་ལུགས་འཛུགས་སྐྲུན། མ་དངུལ་གཏོང་བ། སྲིད་ཇུས་དངོས་འབེབས་སོགས་ཀྱི་བྱ་བ་དམ་འཛིན་བྱེད་དགོས།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་འགན་འཁྲིའི་ལམ་ལུགས་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་སོགས་ཡིག་ཆར་གྲོས་ཞིབ་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོར་དམངས་ཚིས་དོན་དངོས་བཟོ་སྐྲུན་ཡོངས་འགྲུབ་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་བཀོད་སྒྲིག་གྲོས་གཞི་ཡར་ཞུ་བྱས་པར་ཉན།
བཀྲ་ཤིས་འབུམ་གྱིས་བསྒྱུར།