ཁྲིན་ཀང་ཟི་ལིང་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཁག་གི་གྲོས་ཞིབ་ལ་ཞུགས།
2023.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཟི་ལིང་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཁག་གི་གྲོས་ཞིབ་ལ་ཞུགས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་དངོས་འབེབས་བཟང་བོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལྟར་བྱ་བ་རེ་རེ་དངོས་འབེབས་གང་ལེགས་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན་བཟང་བོ་བྱེད་དགོས།

གྲོས་ཞིབ་བྱེད་སྐབས། ཁྲིན་རོས་ཧྥིན་དང་ལིའུ་པོ། ཀྲང་ཆང་། ལིའུ་ཚུའེ་ཆིན། ཁྲིན་ཅུན་ལེང་། ཏོན་ཡོན་བཅས་ཀྱིས་རང་རང་གི་བྱ་བའི་དོན་དངོས་དང་སྦྲེལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རིམས་ནད་འགོག་སྡོམ། གཞི་རིམ་བཅོས་སྐྱོང་། གྲོས་གསེབ་དར་སྤེལ། གསར་དར་ཐོན་ལས་གསོ་སྐྱོང་སོགས་ཀྱི་ཐད་ནས་གཏམ་བཤད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་ལ་གདེང་འཇོག་ཆེན་པོ་བྱས།

ཁྲིན་ཀང་གིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ་རང་ཞིང་གིས་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན། ཚོགས་ཆེན་གྲོས་ཞིབ་བྱེད་པར་སྤྲད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་དམ་པོར་སྦྲེལ་ཏེ། འདས་པའི་ལོ་ལྔ་དང་ན་ནིང་གི་བྱ་བའི་སྤྱི་བསྡོམས་ཀྱིས་མི་སེམས་ལ་སྐུལ་ལྕག་བཏང་བ་དང་། མ་འོངས་པའི་ལོ་ལྔ་དང་ཕྱིན་ཆད་ཀྱི་བྱ་བའི་བཀོད་སྒྲིག་གིས་སྤོབས་པ་ཆེ་རུ་བསྐྱེད་པ། སྲིད་གཞུང་རང་ཉིད་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་རེ་བ་གཏན་འཁེལ་གསལ་བོ་བྱས་ཡོད་པར་མ་ཟད། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱེད་པི་ཆབ་སྲིད་ལངས་གནས་མཚོན་པར་བྱས་ཤིང་། གཞི་རྩའི་དམིགས་འབེན་ལག་ལེན་བྱེད་པའི་དམངས་དོན་བརྩེ་སེམས་མཚོན་པར་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་བརྟན་པོ་མཚོན་པར་བྱས་ཡོད་ལ། རང་ཉིད་གནོན་ཤུགས་ཀྱི་ཡར་བརྩོན་སྙིང་སྟོབས་མཚོན་པར་བྱས་ཡོད་པས། དེ་ནི་དར་ཆ་མཐོན་པོར་སྒྲེང་ཞིང་བཅོས་སྒྱུར་གསར་སྐྲུན། སེམས་ཤུགས་གཅིག་སྒྲིལ་གྱི་སྙན་ཞུ་བཟང་བོ་ཞིག་ཡིན་པ་དང་། ཀྲུང་དབྱང་གི་རེ་བ་དང་མཐུན་ཞིང་མཚོ་སྔོན་གྱི་དོན་དངོས་དང་འཚམ་པ་དང་མི་དམངས་ཀྱི་རེ་བ་དང་བསྟུན་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ངས་ཧ་ཅང་ཡི་རང་བྱེད་པ་ཡིན་ཟེར།

ཁྲིན་ཀང་གིས་བཤད་རྒྱུར། ཟི་ལིང་གྲོང་ཁྱེར་གྱི་བྱ་བ་སྣ་ཚོགས་ཀུན་གྱི་མདུན་གྲས་སུ་སླེབས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་ཟི་ལིང་གྲོང་ཁྱེར་གྱིས་ཁག་ཁུར་ནུས་པ་བཏོན་ཡོད། སྟོབས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས། དོན་དངོས་ལ་རྐང་བཙུགས་ཤིང་ནན་ཏན་སྒོས་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་གོ་སྐབས་དམ་འཛིན་བྱས་ཏེ། རང་ཉིད་ཀྱི་ཁྱད་སྟོབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་བ་དང་། སྲོལ་རྒྱུན་ཐོན་ལས་མཐོར་འདེགས་སུ་གཏོང་བ་དང་གསར་དར་ཐོན་ལས་གསོ་སྐྱོང་བྱེད་པ། དེང་རབས་ཐོན་ལས་གསར་སྐྲུན་བྱེད་པ་སོགས་ཀྱི་ཕྱོགས་ནས་བརྒལ་གཏོར་གསར་བ་མངོན་འགྱུར་བྱེད་པར་མ་ཟད་དག་གཙང་ནུས་ཁུངས་དང་སྐྱེ་ཁམས་གནས་སྐོར། གྲངས་ཀའི་དཔལ་འབྱོར་སོགས་ཕྱོགས་སུ་བྱེད་ཐབས་གསར་བ་བཀོད་སྒྲིག་བྱེད་པ་དང་། ཧུར་ཐག་སྒོས་ཟི་ལིང་གི་ཁྱད་ཆོས་ཡོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། སྟོབས་ཤུགས་ཡོད་རྒུས་བདེ་སྐྱིད་གྲོང་ཁྱེར་གྱི་སྟོབས་ལྡན་ཞབས་ཞུ་གསར་སྐྲུན་བྱེད་དགོས། སྟོབས་ཤུགས་གཅིག་བསྡུས་སྒོས་གྲོང་ཁྱེར་གྱི་དོ་དམ་དང་ཞབས་ཞུ་བཟང་བོར་སྒྲུབ་ནས། གྲོང་ཁྱེར་སྡོད་དམངས་ལ་སྔར་ལས་མང་ཞིང་སྔར་ལས་བཟང་བའི་སྤྱི་ཐུན་ཞབས་ཞུའི་ཐོན་རྫས་འདོན་སྤྲོད་བྱེད་པ་དང་། འཕར་སྣོན་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས། དངོས་གོང་བརྟན་འཇགས་བཅས་ཀྱི་བྱ་བ་ཕྱོགས་ཡོངས་ནས་དམ་འཛིན་བྱེད་དགོས་ལ། དམངས་ཚིས་ལེགས་བཅོས་ནུས་པ་ཇེ་ཆེར་གཏོང་བ་དང་མཉམ་དུ་ཕྱུག་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཕྱོགས་སུ་བྱ་བ་གང་མང་བསྒྲུབ་དགོས། སྟོབས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་སྒྲུབ་པ། ངེས་པར་དུ་གསུམ་ཡིད་ལ་དམ་པོར་འཛིན་པ་དང་ལག་ལེན་བྱེད་པ། བསམ་གཞིགས་གཏོང་ཤུགས་དང་ལག་བསྟར་ནུས་པ་ཇེ་ཆེར་བཏང་ནས། ལྟེ་གནས་གྲོང་ཁྱེར་གྱི་ནུས་པ་མངོན་པར་བྱེད་དགོས།

ཀྲུའུ་ཞང་ཧྥིན་དང་ཝང་ལིས་མེན། ཀྲང་ཧོང་ཡོན། དབྱང་ཧྥིན་ཁྲུན། ལིའུ་ཐོ། ཀྲང་ཙི་ཅུན་བཅས་གྲོས་ཞིབ་ལ་ཞུགས།

                                                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།