བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཁྲིན་རོས་ཧྥིན་དང་ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་བཅས་སོ་སོར་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ཁྲོད་ཞུགས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་སོགས་ཚོགས་ཆེན་གྱི་སྙན་ཞུ་སྣ་ཚོགས་ལ་དམིགས་ནས་འཐུས་མི་ཚོ་དང་མཉམ་དུ་གྲོས་སྡུར་ཟབ་མོ་བྱས།
ཚང་མས། སྲིད་གཞུང་བྱ་བའི་སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལག་བསྟར་གནད་ལ་འཁེལ་བ་བྱས་པ་དང་། འདས་པའི་ལོ་ལྔ་དང2022ལོའི་བྱ་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་ཕྱིར་ལྟ་བཟང་བོ་བྱས། སྙན་ཞུས་ཀྲུང་དབྱང་གི་དགོངས་དོན་གཙིགས་འཛིན་བྱས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དང་མཐུན་པར་བྱས་ལ། མི་དམངས་ཀྱི་རེ་སྒུག་དང་བསྟུན་ཡོད་པ་དང་། དེ་ནི་ལངས་ཕྱོགས་བརྟན་པ་དང་བདེན་འཚོལ་དངོས་གཉེར། མི་སེམས་གོང་བུར་བསྒྲིལ་བའི་སྙན་ཞུ་བཟང་བོ་ཞིག་རེད། སྙན་ཞུས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བ། མགོ་ཚུགས་ས་གསར་བར་རྐང་བཙུགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་པ་དང་། སྔར་ལས་མཐོང་ཆེན་བྱེད་པ་དྲུག་དང་ཕྱོགས་བདུན་ཐད་ཀྱི་བྱ་བ་གཙོ་བོར་བརྟེན་ནས། རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བའི་བསམ་ཕྱོགས་དང2023ལོའི་ལས་འགན་གཙོ་བོརའཆར་འགོད་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་འཆར་གཞི་གསར་བ་བཀོད་པ་དང་། མཛེས་སྡུག་གི་མདུན་ལྗོངས་བྲིས་ལ། གདོང་མཆོང་གི་དུང་བརྡ་བསྒྲགས་ཡོད་ཟེར།
ཚང་མས། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་དཀའ་ངལ་གདོང་གིས་བསུས་པ་དང་། དཀའ་སྤྱད་མདུན་སྐྱོད་བྱས་ལ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་འདོམས་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ལ། སྟོབས་ཤུགས་ཡོད་རྒུས་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལག་བསྟར་བྱས་པ་དང་། དཔལ་འབྱོར་ལུགས་མཐུན་གྱི་བར་སྟོང་དུ་འཁོར་རྒྱུག་བྱེད་ཐུབ་པར་བྱས་ལ། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་བརླིང་ངང་ཇེ་མཐོར་བཏང་བ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མངོན་གསལ་བླངས་ཤིང་། ལས་ཞུགས་དང་དངོས་གོང་ཧ་ལམ་བརྟན་འཇགས་ཡིན་ལ། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་ལ་འགན་སྲུང་ཆེན་པོ་ཐོབ་པ་དང་། རིམས་ནད་བཀག་འགོག་བྱས་པ་དང་དཔལ་འབྱོར་ཇེ་བརྟན་དུ་བཏང་ལ། འཕེལ་རྒྱས་བདེ་འཇགས་ཡིན་པའི་ཚད་མཐའ་བརྟན་སྲུང་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གཏན་ཁེལ་བྱས་པའི་ལོ་ལྔའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པའི་མཇུག་བཟང་བོ་བསྡུ་ཟེར།
ཚང་མས་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་ཐད་ནས་སྔ་རྗེས་རྒྱུན་མཐུད་བྱེད་པའི་ལོ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་བཅས་ཡིན་པས། ད་ལོའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་འགན་འཁྲི་ཧ་ཅང་ལྕི་བ་དང་དོན་སྙིང་ཆེན་པོ་ལྡན། སྲིད་གཞུང་བྱ་བའི་སྙན་ཞུས་རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བའི་བསམ་ཕྱོགས་དང་ད་ལོའི་ལས་འགན་གཙོ་བོ་བཏོན་པ་དང་། བསམ་ཕྱོགས་ཧ་ཅང་གསལ་བ་དང་དམིགས་འབེན་གཏན་ཁེལ་གསལ་བོ་བྱས་ལ། གཙོ་གནད་འབུར་དུ་ཐོན་པ་དང་བྱེད་ཐབས་ལ་ཤུགས་ཆེན་པོ་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། དཀའ་སྤྱད་འབད་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།