ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།
2023.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། ལོ་རྒྱུས་ཀྱི་ངང་རྒྱུད་རིང་བོ་དང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ། ཁྱད་ཆོས་དང་ཁྱད་སྟོབས་བཟང་བོར་འདོན་པ། ཞན་ཆ་དང་མི་འདང་ས་མྱུར་དུ་གསབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་དུ་སོང་ནས། ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱེད་ཚུལ་ལ་ནན་གྱིས་ཉན་པ་དང་། ཡུལ་དངོས་ནས་ཚ་རྔ་འགག་ཆུ་གློག་ས་ཚིགས་ཀྱི་གློག་འདོན་གཉེར་སྐྱོང་དོ་དམ་སོགས་ལ་ལྟ་ཞིབ་བྱས། ཁོ་གཉིས་ཀྱིས་ཚ་རྔ་འགག་གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་འཆར་འགོད་བཟང་བོ་བྱེད་པ་དང་། ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བའི་མཚན་སྙན་དང་འགུག་ཤུགས་ཇེ་ཆེར་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བར་རོགས་འདེགས་བྱེད་དགོས། ཆུ་བེད་འགག་རྩ་ཆེ་གྲས་ཀྱི་ཕྱོགས་བསྡུས་ཕན་འབྲས་ལེགས་པར་བཏོན་ནས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ཕྱོགས་བསྡུས་བེད་སྤྱོད། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་སོགས་ཀྱི་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས་ཞེས་བསྟན། མཚོ་སྔོན་དམངས་ཕན་ཚ་རྔ་འགག་སྐྱེ་ཁམས་ཉ་གསོ་ཚད་ཡོད་ཀུང་ཟི་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཉའི་ཞིབ་འཇུག་དང་རྒྱུད་སྤེལ། གསོ་སྤེལ། ལས་སྣོན། ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁེ་ལས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག་ཏུ། སྐྱེ་ཁམས་འཁོར་སྐྱོད་གསོ་སྤེལ་ཕྲེང་འབྲེལ་བཙུགས་ཏེ། སྟོབས་ཤུགས་ཡོད་རྒུས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བསྐྲུན་དགོས་པའི་མངགས་བཅོལ་བྱས། མཚོ་ལྷོ་ཁུལ་སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞི་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། དག་གཙང་ནུས་ཁུངས་ཕྱིར་སྐྱེལ་དང་སྡུད་འཚོང་སོགས་ཀྱི་གནས་ཚུལ་ཞིབ་མོར་དྲིས་ཏེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་འཕེལ་རྒྱས་སྦས་ཤུགས་སྔོན་འདོན་ཟབ་མོ་བྱས་ཏེ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཕྱོགས་གསུམ་གྱི་མཉམ་རྒྱལ་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ཞེས་བསྟན། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྒྱལ་ཁབ་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་། བོད་ཡིག་ཆ་འཕྲིན་ལག་རྩལ་སྟེགས་བུའི་འཛུགས་སྐྲུན་འཁོར་སྐྱོད་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ཐབས་ལམ་དང་རྒྱབ་རྟེན་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་སྟོབས་ཤུགས་ཡོད་ཅིང་གོ་རིམ་ལྡན་པར་སྤེལ་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་རང་འགུལ་དབང་ཆ་དམ་པོར་བཟུང་ནས། སྟེགས་བུ་གསར་པའི་བྱེད་ནུས་འཐུས་ཚང་དུ་གཏོང་བ་དང་གསར་གཏོད་བྱས་ཏེ། ནང་དོན་འཛུགས་སྐྱོང་དང་དྲ་རྒྱའི་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་ལྷོ་ཁུལ་གྱི་བྱ་བ་ཡར་ཞུ་བྱས་པར་ཉན་རྗེས། ཁྲིན་ཀང་གིས་མཚོ་ལྷོ་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མཚོ་ལྷོའི་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ལྡན་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་སྲ་ཞིང་བརྟན་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཐད་རེ་བ་ཆེ་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་ཀྱི་ཁྲོད་ནས་དམིགས་འབེན་དང་ཁ་ཕྱོགས། གོ་སྐབས་དང་འགྲན་སློང་བཅས་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་རྒྱུན་མ་ཆད་པར་བྱེད་པ་དང་བསམ་གཞིགས་གཏོང་མཁས་པར་བྱེད་པ། དངོས་སྒྲུབ་གཙིགས་སུ་འཛིན་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་ཁག་ཁུར་བྱེད་ཕོད་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ཏན་ཏིག་གིས་བཟང་བོར་འཛིན་པ། སྐྱེ་ཁམས་ཉམས་གསོ་ལ་ཤུགས་སྣོན་པ། རྒྱུན་རྣམ་ཅན་ལ་ཟུང་སྦྲེལ་སྒོས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྐྱོང་མཐོར་འདེགས་ཀྱི་འགུལ་སྐྱོད་སྤེལ་བ་བཅས་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས། ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་རང་འགུལ་གྱིས་འབད་བརྩོན་བྱས་ཏེ། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་ལས་སྔར་ལས་བཟང་བོར་བསྐྲུན་པ་དང་། སྐར་ཁུང་དུས་རིམ་དམ་འཛིན་གྱིས་དག་གཙང་ནུས་ཁུངས་ཐོན་ལས་ཇེ་རྒྱས་ཇེ་ལེགས་ཇེ་དར་དུ་གཏོང་བ། ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས་བཅས་ཀྱིས་ཕན་ཚུན་ལ་ཡར་སྐུལ་དང་ཁ་གསབ། སྐུལ་ཁྲིད་བཅས་བྱེད་པའི་འཕེལ་རྒྱས་ཀྱི་ལམ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དག་གཙང་ནུས་ཁུངས་ཀྱི་གཞི་གྲངས་ཆེན་མོའི་ཐོན་ལས་མུ་མཐུད་དུ་ཧུར་ཐག་གིས་བསྐྲུན་པ། རྒྱལ་ཁབ་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བརྟན་བརླིང་སྒོས་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། གུང་ཧོ་གཞོང་ས་ཧྲིལ་བོའི་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་སྣོན་གྱི་སྣེ་གསར་པ་མྱུར་དུ་བསྐྲུན་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཐད་ནས་སེམས་ཤུགས་བརྟན་ཞིང་ནུས་པ་ལྡན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལྟ་བའི་འདུ་ཤེས་སྔར་ལས་བརྟན་པོར་འཛིན་པ་དང་། བདེ་འཇགས་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་མུ་མཐུད་སྲ་བརྟན་དུ་བཏང་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དང་ཆབ་སྲིད་དྲིལ་སྒྲོག སློབ་གསོ་ཁྲིད་སྟོན་སོགས་ཉིན་རྒྱུན་གྱི་རྨང་གཞིའི་བྱ་བར་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་ལ་ཤུགས་སྣོན་པ། ཏང་གི་བོད་འབྲེལ་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཐད་ནས་ནུས་པ་དང་ཕན་འབྲས་ལྡན་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་ཐད་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་ཟབ་མོ་བྱེད་པ་དང་། གཞི་རིམ་ཏང་འཛུགས་བྱ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ། མི་འདེམ་མི་བཀོལ་གྱི་ཡང་དག་པའི་ཁྲིད་ཕྱོགས་འཛུགས་པ། སྤྱོད་ཚུལ་འཛུགས་སྐྲུན་ཏན་ཏིག་གིས་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་གཏོང་བ་བཅས་བྱས་ཏེ། ཁག་ཁུར་གསར་པ་དང་གྲུབ་འབྲས་གསར་པར་བརྟེན་ནས་མཚོ་ལྷོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་པ་འབྲི་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་ལྷོས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་གོ་གནས་གལ་ཆེན་ཟིན་པ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དུ་ཞུམ་པ་མེད་པར་སྔོན་སྐྱོད་བྱས་ནས། སྟོབས་ཤུགས་ཡོད་རྒུས་གུང་ཧོ་གཞོང་ས་ཧྲིལ་བོའི་ལྗང་མདོག་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་ནས་གྲུབ་འབྲས་གསར་པ་ཡོད་པར་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་དང་། རྩྭ་དང་བྱེ་མ་འཁྱག་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། བྱེ་འགོག་བྱེ་བཅོས་ཀྱི་ཕན་འབྲས་སྲ་བརྟན་མཐོར་འདེགས་བྱེད་པ་དང་། རྨ་ཆུ་དང་མཚོ་སྔོན་པོ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་བཅས་ལ་སྟོབས་ཤུགས་སྒྲིལ་ནས་སྲུང་སྐྱོབ་བཟང་བོ་བྱས་ཏེ། གཙང་ཆབ་སྔོན་མོ་ལྷུང་ལྷུང་ཤར་དུ་བཞུར་བ་དང་དྭངས་གཙང་མཚོ་མོས་མཚོ་སྔོན་སྐྱིད་ལ་འགོད་པར་ཁག་ཐེག་བྱེད་དགོས། དེང་རབས་ཐོན་ལས་མ་ལག་བསྐྲུན་པའི་ཐད་ནས་ཁག་ཁུར་གསར་པ་ཡོད་པར་བྱས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པ་དང་། ཤར་གྲངས་ནུས་རྩིས་དང་ཤར་གྲངས་ནུབ་གསོག་གི་ཐད་ནས་རང་འགུལ་གྱིས་འབད་བརྩོན་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་གནས་ཚད་འདེགས་རིམ་སྤོར་བྱས་ཏེ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ལེན་དགོས་ཏེ། འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་བྱེད་པའི་མཐའ་ཚད་གཉིས་མཐའ་གཅིག་ཏུ་སྲུང་དགོས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཐད་ནས་གཞི་ཁྱོན་དང་ཕན་འབྲས་འབུར་དུ་ཐོན་པར་བྱེད་དགོས་ལ། གྲོང་གསེབ་འཛུགས་སྐྲུན་གྱི་ཐད་ནས་མཐོ་སྒང་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས། རྒྱུན་སྲིང་འཕེལ་རྒྱས་ཀྱི་ཐད་ནས་དཔེ་དབྱིབས་གསར་པ་བསྐྲུན་ནས། རྒྱལ་ཁབ་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་མ་ལག་ལྡན་པར་འཛུགས་སྐྲུན་བྱེད་པ་དང་། གཙང་ཆུའི་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། སློབ་སྦྱོང་བྱེད་ཆོག་པ་དང་ཁྱབ་གདལ་དུ་གཏོང་ཆོག་པ། དཔྱད་གཞིར་འཛིན་ཆོག་པ་བཅས་ཀྱི་ཉམས་མྱོང་ཆགས་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་ལྷོའི་ལེའུ་ཧུར་ཐག་གིས་འབྲི་དགོས།

ཀྲུའུ་ཞང་ཧྥིན་དང་ལོས་ཀང་རྟོག་ཞིབ་ལ་ཞུགས།


ཕྱུག་ལོས་བསྒྱུར།