ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྨ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2023.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་རེ་བ་ཡིད་ལ་དམ་པོར་འཛིན་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་ལག་བསྟར་དམ་འཛིན་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། རྨ་ལྷོ་ཡུན་སྐྱོང་བདེ་འགོད་བྱེད་པ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཐུན་རིན་གྲོང་ཁྱེར་གཉན་ཐོག་ཡུལ་ཚོ་སྒོ་དམར་སྡེ་བའི་རྒྱལ་ཡོངས་རིག་དངོས་སྲུང་སྐྱོང་སྡེ་ཁག་གཙོ་བོ་སྟེ་སྒོ་དམར་གནའ་མཁར་རུ་སོང་ནས། མཁར་གྲོང་འཛུགས་སྐྲུན་ཁྲོད་ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་བྱེད་པ་དང་རིག་གནས་གནས་སྐོར་ལས་གཞི་གསར་སྤེལ་བེད་སྤྱོད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། སྲོལ་རྒྱུན་སྡེ་བར་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བྱེད་པ་དང་གསར་སྤེལ་བེད་སྤྱོད་བྱེད་པ་གཉིས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ། མེ་འགོག་བདེ་འཇགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ། གད་སྙིགས་བསྡུ་རུབ་དང་སྐྱེལ་འདྲེན་སོགས་ཐག་གཅོད་དུས་རིམ་ལ་གཅིག་འདོམས་བྱས་ནས། གནའ་མཁར་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་གི་རྒྱུ་སྤུས་ཇེ་མཐོར་གཏོང་དགོས། ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རེབ་གོང་སྒྱུ་རྩལ་གྱི་རྒྱུན་འཛིན་པ་དང་སྒྱུ་རྩལ་གླིང་གི་སློབ་མ་རྣམས་དང་གླེང་མོལ་བྱས་པ་དང་། རེབ་གོང་སྒྱུ་རྩལ་གྱི་རྒྱུན་འཛིན་དང་རིག་གནས་གནས་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་སོགས་ཀྱི་གནས་ཚུལ་ཐད་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། རིག་གནས་ཡུལ་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་གཏོང་བར་སྣེ་ཁྲིད་བྱེད་དགོས། རྨ་ལྷོ་ཁུལ་སྤྱི་བདེ་ཅུའུ་རུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། གཞི་གྲངས་ཆེན་པོའི་བཀོད་འདོམས་ལྟེ་གནས་ལྟ་སྐུལ་བཀོད་འདོམས་སྟེགས་བུ་བཀོལ་སྤྱོད་འཁྲབ་སྟོན་ལ་བལྟས་ནས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། ཉམས་མྱོང་སྤྱི་སྡོམ་བཟང་བོ་བྱེད་པ། དངོས་འཐབ་ནུས་པ་ཇེ་ཆེར་གཏོང་བ། ནུས་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་ཉེན་ཁ་བཀག་འགོག་བྱེད་པ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། འཕེལ་རྒྱས་ཐད་སྲུང་སྐྱོང་བྱེད་དགོས། རོང་བོ་དགོན་པ་རུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་དགོན་པའི་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་སོགས་བྱ་བར་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། དུས་རབས་གསར་བའི་ཏང་གི་མི་རིགས་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པ་དང་། དགོན་པར་དོ་དམ་བཟང་བོ་བྱེད་པ། གྲྭ་པར་སྣེ་ཁྲིད་བཟང་བོ་བྱེད་པ། རང་འགུལ་གྱིས་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཁ་གཏད་འཇལ་ནས། ཏང་ཨུ་དང་སྲིད་གཞུང་དང་བློ་ཁ་གཅིག་ཏུ་ཕྱོགས་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། རྨ་ལྷོ་ཁུལ་གྱི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཁྲིན་ཀང་གིས་རྨ་ལྷོ་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། རྨ་ལྷོའི་རི་ཆུ་མཛེས་ཤིང་རིག་གནས་ཀྱི་རིགས་སྣ་མང་ལ། སྦས་ཤུགས་ཧ་ཅང་ཆེ་བས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྨ་ལྷོའི་བྱ་བ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་གཏོང་བ་དང་འཆར་འགོད་བྱེད་པ། སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་རྨ་ལྷོའི་བྱས་རྗེས་འཇོག་དགོས། འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་ཐད་ནས་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ངེས་པར་དུ་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ནམ་ཡང་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་བ། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་ཐད་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བཟང་བོ་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་བྱེ་དར་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་ཕྱོགས་ཡོངས་ནས་སྤེལ་ཏེ། རི་ཆུའི་རྨ་ལྷོའི་སྐྱེ་ཁམས་ཁོར་ཡུག་བཟང་བོ་དེ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་ཀྱི་གནས་དང་མི་དམངས་བདེ་སྐྱིད་ཀྱི་འཕར་སྣོན་གྱི་གནས་སུ་འགྱུར་བར་བྱེད་དགོས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ལམ་བུ་གསར་བ་འཚོལ་བ་དང་། ཐོན་ཁུངས་ཀྱི་དགེ་མཚན་ལ་རྒྱབ་བརྟེན་པ། རིག་གནས་གནས་སྐོར་གྱི་ཚོང་རྟགས་མིང་གྲགས་ཅན་ལ་རྐང་འཛུགས་པ། སྐྱེ་ལྡན་ཐོན་རྫས་དང་ལྗང་མདོག་ཟས་རིགས། ས་གནས་ཀྱི་མཚོན་རྟགས་རང་བཞིན་གྱི་ཞིང་ཞོར་ཐོན་རྫས་བཅས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དག་གཙང་ནུས་ཁུངས་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་ལ་རྐང་འཛུགས་པ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བཅས་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱེད་དགོས། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་བའི་ཐད་ནས་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ལ་ཤུགས་སྣོན་པ་དང་། སྡེ་བ་དང་བསྟུན་ནས་གྲོང་སྡེ་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་སྐྱེད་སྲིང་བྱེད་པ་དང་དར་སྤེལ་གཏོང་བ། སྤྱི་ཐུན་ཞབས་ཞུའི་ཁེབས་ཚད་དང་དོ་སྙོམས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ལྷག་པར་དུ་ལས་རིགས་སློབ་གསོ་ཐོན་ལས་དང་སྦྲེལ་མཐུད་བྱེད་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་ནས་ཡུན་རིང་གི་གྲུབ་འབྲས་ལེན་པ་དང་། སྐད་ཅིག་ཙམ་ལ་ཡང་མཚམས་མི་འཇོག་པར་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ། ལངས་ཕྱོགས་བརྟན་པོས་འཐབ་རྩོད་བྱེད་ཕོད་པར་བྱེད་པ་དང་ནུས་པ་ཆེན་པོས་འཐབ་རྩོད་བྱེད་ཤེས་པར་བྱེད་པ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། རྩ་འཛུགས་མ་ལག་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱེད་པ། མི་བཀོལ་མི་འདེམ་གྱི་དར་སྲོལ་བཟང་བོ་ཆགས་པར་བྱེད་པ། ཆབ་སྲིད་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏིང་སྟེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དུ་འཇུག་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྨ་ལྷོས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྤྱི་ཡོངས་ཁྲོད་གོ་གནས་གལ་ཆེན་ཟིན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་བཟང་ལ། སྔོན་ཐོན་བརྩོན་ལེན་བྱེད་པའི་རྗེས་ཤུགས་ཆེན་པོ་ལྡན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ། སྐྱེ་ཁམས་ཀྱི་དམར་མཚམས་བརྟན་སྲུང་བྱེད་པ། འཕེལ་རྒྱས་ཀྱི་གཙོ་ཐིག་འབུར་དུ་ཐོན་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་ཇེ་བརྟན་དུ་གཏོང་བའི་ཐད་སྔར་ལས་ཤུགས་འདོན་པ་དང་། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་བསྒྱུར་བར་དོ་སྣང་བྱེད་པ། སྐྱེ་ཁམས་ཞིང་ཕྱུགས་ལས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དག་གཙང་ནུས་ཁུངས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་དགོས། གྲོང་གསེབ་དར་སྤེལ་བྱེད་པའི་ཐད་ནས་སྔར་ལས་ཤུགས་འདོན་པ་དང་། འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་ཚད་མཐའ་གཉིས་བརྟན་སྲུང་བྱེད་པ། ཁྱད་ཆོས་འབུར་ཐོན་བྱེད་པ་དང་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། གྲོང་གསེབ་མྱུར་དུ་དར་སྤེལ་གཏོང་དགོས། དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བའི་ཐད་སྔར་ལས་ཤུགས་འདོན་པ་དང་། ལས་ཞུགས་གཙོར་འཛིན་པ་འབུར་དུ་ཐོན་པར་བྱེད་པ། ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་རྐྱེན་སྲོལ་བེད་སྤྱོད་བཟང་བོ་བྱེད་པ། སློབ་གསོ་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བྱིས་གཉོར། སྡོད་ཁང་སོགས་དམངས་ཚིས་དོན་དངོས་རྒྱུན་མཐུད་ངང་བཟང་བོར་སྒྲུབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་པོ་དང་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། མིག་སྔར། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱས་ནས་བཏང་ལྷོད་མི་བྱེད་པ་དང་། རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་འགོག་སྲུང་ནུས་པ་མཐོར་འདེགས་སུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་སྤྱི་ཚོགས་ཀྱི་དམིགས་ཚད་སྣ་ཚོགས་ཁྱོན་ཡོངས་ནས་སླར་གསོ་དང་ཁྱོན་ཡོངས་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་བཏང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོར་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས།

ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།