ཁྲིན་ཀང་གིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2023.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཚད་གཞིར་བཟུང་ནས། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་ཐཱན་དམའ་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ལ་བཙོག་བཟོ་བྱས་རྗེས་བཅོས་སྐྱོང་བྱེད་པའི་ལམ་དུ་གཏན་ནས་མི་བསྐྱོད་པར་དེང་རབས་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་བརྟེན་ནས་དེང་རབས་ཅན་གྱི་མཚོ་ནུབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་བརྒྱུད་དེ། ཁྲིན་ཀང་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བའི་ལོ་རྒྱུས་ཁང་དང་སྡེ་དམངས་སེང་གེ་ཚང་། འབྲི་ཆུའི་འགོ་ཁུངས་མི་རིགས་སློབ་གྲྭ་བཅས་ལ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་མཛད་སྐབས་ཀྱི་སྣང་ཚུལ་ལ་ཕྱིར་དྲན་བྱས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་བཀའ་དྲིན་ཞུ་བ་དང་། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ། ཆུ་དྭངས་རི་ལྗང་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས། ན་གོར་མོ་རྒྱལ་སྤྱིའི་གྲུ་ཁའི་ཧྭ་མེན་བཟོ་སྐྲུན་རྒྱུ་ཆས་དངོས་སྐྱེལ་ར་བ་དང་ཁུ་ནུ་དངོས་སྐྱེལ་ར་བ་རུ། ཁྲིན་ཀང་གིས་དངོས་སྐྱེལ་ལྟེ་གནས་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། ཁུལ་གནས་ཀྱི་དགེ་མཚན་ལ་བརྟེན་པ་དང་། འཆར་འགོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། རྩོལ་ནུས་ཆ་སྡེབས་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཚྭ་མཚོ་མཱེ་ལས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞི་ཡུས་མདོག་ལྡན་ལྕགས་རིགས་ཚད་ཡོད་ཀུང་ཟི། ན་གོར་མོ་རྡོ་སྣུམ་བཙོ་སྦྱོང་བཟོ་གྲྭ་བཅས་སུ། ཁྲིན་ཀང་འཁོར་ཁང་དུ་སོང་ནས་ངོ་སྤྲོད་ལ་ཉན་པ་དང་ཐོན་རྫས་ལ་བལྟས་ཤིང་། གནས་ཚུལ་གསལ་བོར་དྲིས་ནས་བསྟན་དོན། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་ཞིབ་འཇུག་ནན་མོ་བྱེད་པ་དང་། ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་སྤུས་འདེགས་ནུས་སྐྱེད་ལ་སྐུལ་འདེད་གཏོང་བར་བརྟེན་ནས་ཆུ་ཚད་སྔར་ལས་མཐོ་བའི་ལྗང་མདོག་ཐཱན་དམའི་འཁོར་རྒྱུག་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་ནུབ་ཁུལ་གྱི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཁྲིན་ཀང་གིས་བསྟན་དོན། མཚོ་ནུབ་ཀྱི་རྒྱ་ཁྱོན་ཧ་ཅང་ཆེ་བ་དང་ཁུལ་གནས་གལ་ཆེ་ལ། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རིག་གནས་ཀྱི་རྫོང་མཐུག་ལ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཐད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་ཐུབ་པས། ངེས་པར་དུ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཏེ། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱེད་པ། མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པའི་སྟེང་གྲུབ་འབྲས་ལེན་པ་དང་། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཏེ། ཚྭ་མཚོའི་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། གོ་རིམ་ལྡན་པའི་ངང་དག་གཙང་ནུས་ཁུངས་ཀྱི་གཞི་ཁྱོན་ཅན་གྱི་གསར་སྤེལ་ལ་སྐུལ་འདེད་གཏོང་བ། རང་བྱུང་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་གནས་སྐོར་སྟོབས་ལྡན་དུ་བསྒྱུར་བ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་སུ་གཏོང་བ། འཁོར་རྒྱུག་དཔལ་འབྱོར་གྱི་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ཏེ། སྒོ་འབྱེད་ཀྱི་ཚྭ་འདམ་གཞོང་གི་རིམ་སྤོར་པར་གཞི་འཛུགས་སྐྲུན་བྱེད་དགོས། མཉམ་དུ་ཕྱུག་པོར་བསྒྱུར་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཏེ་། མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་བྱེད་པའི་ཐད་ནས་མིག་དཔེ་བཟང་བོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཚད་ཤིང་དཔེ་གཞི་གསར་སྐྲུན་བྱས་ནས། གྲོང་ཁྱེར་གྱི་རྩོལ་ནུས་རྒྱུ་སྤུས་མཐོར་འདེགས་སུགཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པ། མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ། ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་སུ་གཏོང་བའི་བདེ་འཇགས་འགོག་ར་བརྟན་པོ་འཛུགས་དགོས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཏེ། དགོངས་གཞི་ནན་མོ་དང་བྱེད་ཐབས་བཟང་བོ། སྣང་ཚུལ་བཟང་བོ་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྐྱེ་ཁམས་ཉམས་གསོ་བྱེད་པ། གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས།

རྟོག་ཞིབ་བྱེད་སྐབས། ཁྲིན་ཀང་གིས་ད་དུང་དམག་དཔོན་ཐོག་ཁང་དང་ཁུ་ནུ་རི་བོའི་ས་གཤིས་སྤྱི་གླིང་རྟེན་མཛོད་གླིང་གཉིས་ལ་ལྟ་སྐོར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རིན་ཝེ་དང་མཉམ་དུ་ཡུལ་དངོས་ནས་བོད་ལྗོངས་དང་མཚོ་སྔོན་བཟོ་ལས་ར་བའི་འཛུགས་སྐྲུན་དང་འཕེལ་རྒྱས་གནས་ཚུལ་ལ་ལྟ་ཞིབ་བྱས།

ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།