ཁྲིན་ཀང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས།
2023.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཞི་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་གིས་གཏིང་ཟབ་ཏུ་སྤེལ་བ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་ལ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཅིག་གྱུར་སྒོས་འཆར་འགོད་དང་བཀོད་གཏོང་བྱེད་པར་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱི་ཡོངས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས།

ཁྲིན་ཀང་ཐོག་མར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ནུས་ཁུངས་ཅུའུ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཞིང་ཆེན་རིམ་པའི་གནད་དོན་བགོ་འགྲེམ་ལྟེ་གནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲུའུ། རོགས་སྐྱོར་མཉམ་ལས་བརྗེ་རེས་ཁྲུའུ་བཅས་ལ་སོང་སྟེ་འབྲེལ་ཡོད་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། ནུས་ཁུངས་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་ཤུགས་ཚད་ཇེ་ཆེར་གཏོང་བ། ལས་གཞི་གཙོ་བོའི་འགག་སྒྲོལ་གྱི་ཁས་ལེན་གཙོ་འགན་ལམ་ལུགས་བཀོལ་སྤྱོད་བཟང་བོ་བྱས་ནས། གློག་རྡུལ་གློག་དྲ་དང་ཐེག་ཚད་གློག་གསོག་གི་ལག་རྩལ་གྲུབ་འབྲས་སྔར་ལས་མང་པོ་ཆགས་པར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཅིག་སྡུད་བྱས་ཏེ། གནད་དོན་ཐག་གཅོད་རྒྱུ་གཞིར་འཛིན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བ་གཏིང་ཟབ་ཏུ་སྤེལ་ཞིང་། རྒྱལ་ཁབ་སྤྱི་གླིང་གི་སྲིད་ཇུས་ཆ་ཚང་མ་ལག་གོ་རིམ་ལྡན་པར་འཆར་འགོད་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱས་ནས། ཕྱོགས་སོ་སོའི་དོན་དངོས་དགོས་མཁོ་ཡོངས་སུ་སྐོང་དགོས།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དུ། ཁྲིན་ཀང་བཟོ་ལས་དངུལ་གཏོང་ཁྲུའུ་དང་ཁེ་ལས་བཅོས་སྒྱུར་ཁྲུའུ། མཚོ་སྔོན་གྲངས་འཛིན་དཔལ་འབྱོར་ནུས་པའི་ཕྱོགས་བསྡུས་འགྲེམ་སྟོན་འཁོར་སྐྱོད་ལྟེ་གནས་བཅས་སུ་སོང་ནས། ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པ་དང་། རང་ཞིང་གི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། ལས་གཞི་འཆར་འགོད་དང་ནང་འདྲེན་གསོག་འཇོག་ཐད་ལ་རྒྱུན་མཐུད་སྒོས་ཤུགས་བསྐྱེད་དེ། བཟོ་ལས་དངུལ་གཏོང་ལ་བརྟེན་ནས་དཔལ་འབྱོར་འཕར་སྣོན་ནུས་ལྡན་སྐུལ་ཁྲིད་བྱེད་པ་དང་། རྒྱུན་མཐུད་སྒོས་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གོ་སྐབས་དམ་འཛིན་བྱས་ཏེ་མུ་མཐུད་དུ་རང་ཞིང་གི་གྲངས་འཛིན་དཔལ་འབྱོར་སྟོབས་ལྡན་དང་འཕེལ་རྒྱས་སུ་བཏང་ནས། བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ནོར་སྲིད་ཐིན་དུ་ཁྲིན་ཀང་སྲིད་གཞུང་དངུལ་གཏོང་ཐེབས་རྩ་བྱ་བའི་དོ་དམ་ཆེད་དོན་ཚན་ཁག་དང་སྔོན་རྩིས་ཁྲུའུ། རྒྱལ་མཛོད་ཁྲུའུ་བཅས་ལ་སོང་སྟེ་བྱ་བའི་གནས་ཚུལ་ཞིབ་འདྲི་བྱས། ཁོས་བསྟན་དོན། དཀྱིལ་སྙིང་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། ནོར་སྲིད་འདེགས་ཤུགས་ནུས་པ་འདོན་སྤེལ་བྱེད་པ་དང་། ཐེབས་རྩའི་ཉེན་ཁའི་ཚོད་འཛིན་ལ་ཤུགས་སྣོན་པ། ལས་གཞི་གལ་ཆེན་དང་ཐོན་ལས་གཙོ་བོ། ཁུལ་ཁོངས་འཕེལ་རྒྱས་བཅས་ལ་རོགས་སྐྱོར་བཟང་བོ་བྱེད་པ། སྔོན་རྩིས་དོ་དམ་གྲུབ་འབྲས་མཐོར་འདེགས་སུ་གཏོང་བར་མ་ཟད། མགོ་ཁུངས་ནས་ཞིབ་ཕྲ་སྒོས་ནོར་སྲིད་མ་དངུལ་དང་སྔོན་རྩིས་ལག་བསྟར་ལ་དོ་དམ་བྱེད་པ་དང་། ནོར་སྲིད་མ་དངུལ་བཀོལ་སྤྱོད་ཀྱི་ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་སུ་གཏོང་བ། ནོར་སྲིད་མ་དངུལ་གྱི་ལྟ་སྐུལ་དོ་དམ་ནུས་པ་ཇེ་ཆེར་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས།

རྟོག་ཞིབ་བྱེད་སྐབས་ཁྲིན་ཀང་གིས་བསྟན་དོན། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནི་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཏང་འཛུགས་ལ་ཤུགས་སྣོན་དང་ཚན་ཁག་དམ་འཛིན་བྱེད་པ་དང་། དཔུང་སྡེ་ལ་སྣེ་ཁྲིད་བྱེད་པ་ནི་མགོ་ཁྲིད་པ་དང་པོས་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་ཡིན་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་འགུལ་སྐྱོད་ཐད་ནས་གྲུབ་འབྲས་ཐོབ་པར་བྱེད་པ། དངོས་སྒྲུབ་ལས་སྤེལ་གྱི་སྤོབས་པ་ཆེར་སྐྱེད་བྱེད་དགོས། ཞིབ་བཤེར་ཞིབ་འཇུག་ནི་རིམ་པ་སོ་སོའི་ལས་བྱེད་པའི་གཞི་རྩའི་བྱ་བ་ཡིན་པས། རྒྱ་ཆེའི་ལས་ཁུངས་ཀྱི་ལས་བྱེད་པར་སྐུལ་སློང་བྱས་ཏེ་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པར་མ་ཟད་གནས་ཚུལ་གསར་བར་ཞིབ་འཇུག་བྱེད་པ་དང་གནད་དོན་གསར་བ་ཐག་བཅད་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་གྲུབ་འབྲས་སུ་བསྒྱུར་དགོས།

ཚེ་རིང་ཐར་དང་ལིའུ་ཁྲའོ་གཉིས་རྟོག་ཞིབ་ལ་ཞུགས།

                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།