ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་དང་ཚེས་ཉེར་བདུན་ཉིན་གཉིས་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་། རྨ་ཆུའི་འགོ་ཁུངས། མཚོ་སྔོན་པོ་བཅས་ལ་སོང་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཆུ་དྭངས་རི་སྔོ་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་དོན་གལ་ཆེན་ཡིན་པ་ཡིད་ལ་འཛིན་པ། ཡུན་རིང་བོར་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་བརྟན་དུ་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་དགོས།
ཁྲིན་ཀང་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོའི་སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་དང་མཚོ་སྔོ་རེངས་ཀྱི་མཚོ་ཁ་དང་གཡག་མགོ་རྡོ་རིང་ཡོད་ས་བཅས་ལ་སོང་ནས། སྐྱེ་ཁམས་དོ་སྲུང་པར་འཚམས་འདྲི་བྱས་པ་དང་། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ནན་གྱིས་བསྟན་དོན། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པ་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་ཀྱི་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ། དོ་སྲུང་བྱེད་ཐབས་ལེགས་སྒྱུར་བྱེད་པ། སྐྱེ་ཁམས་དོ་སྲུང་པའི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱས་ནས། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་སྲ་བརྟན་དུ་གཏོང་དགོས། ལྔ་བའི་ཉེར་གཉིས་ཉིན་གྱི་རྨ་སྟོད་ས་འགུལ་ཁྲོད་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བརྩེ་སེམས་བཅངས་ནས། ཁྲིན་ཀང་རྨ་ཁྲ་ལི་གྲོང་རྡལ་དགའ་ལྡན་སྡེ་བའི་འབྲོག་དམངས་ཀྱི་ཁྱིམ་ཚང་དུ་སོང་ནས་ཁང་བ་བསྐྱར་འཛུགས་གནས་ཚུལ་ལ་བལྟས་པ་དང་། གནོད་འཚེའི་རྗེས་ཀྱི་འཚོ་བ་དང་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། དེའི་རྗེས་ཁྲིན་ཀང་རྨ་སྟོད་རྫོང་བཅའ་སྡོད་ལམ་ལམ་ལུགས་སློབ་འབྲིང་དུ་སོང་ནས། དགེ་སློབ་ཚོའི་གནས་སྐབས་ཀྱི་བཀོད་སྒྲིག་དང་སློབ་གྲྭ་བསྐྱར་འཛུགས་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། བསྐྱར་འཛུགས་ཁྲོད་རྙིང་བ་བེད་སྤྱོད་དང་གསར་བ་འཛུགས་སྐྲུན་བྱེད་པ་དང་ཐོན་ཁུངས་མཉམ་བསྲེས་བྱེད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། སྤུས་ཚད་ལྟ་སྐུལ་ལ་ཤུགས་བསྣན་ནས། དུས་བཀག་ལྟར་ལེགས་འགྲུབ་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཞིན་ཧེ་རྫོང་དུ། ཁྲིན་ཀང་འཚོ་བའི་གད་སྙིགས་སྦས་ས་དང་ཡུང་ཞིན་ཨར་ལས་རྒྱུ་ཆས་ཀུང་ཟི་རྡོ་ཟེགས་བཟོ་གྲྭའི་གནས་རྙིང་དུ་སོང་ནས། གད་སྙིགས་སྦས་ས་ཚད་ལྡན་ཡིན་མིན་དང་སྐྱེ་ཁམས་སླར་གསོ་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། བཅོས་སྐྱོང་དང་ལྟ་སྐུལ་ནན་མོ་བྱེད་པ་དང་། རྗེས་འདེད་ཕན་བརྩོན་བཟང་བོ་བྱེད་པ། གནད་དོན་ཕྱིར་འབྱུང་བར་བཀག་འགོག་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་བརྡའི་བརྙན་རིས་ལས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བཟང་བོ་བྱེད་དགོས་ཟེར། འཛུགས་སྐྲུན་བྱེད་བཞིན་པའི་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་སུ། ཁྲིན་ཀང་གིས་འཛུགས་སྐྲུན་འཁོར་རྒྱུག་དང་རྨ་ཆུ་གསར་སྤེལ་བེད་སྤྱོད་གནས་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་པ་དང་། བདེ་འཇགས་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ལྗང་མདོག་དཔེ་སྟོན་བཟོ་སྐྲུན་གསར་སྐྲུན་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་འཛུགས་སྐྲུན་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་ལས་གཞི་སྤེལ་ཚད་ཇེ་མགྱོགས་སུ་བཏང་སྟེ། གཏན་ཁེལ་དམིགས་འབེན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།
མཚོ་སྔོན་པོའི་ལྷོ་འགྲམ་དུ། ཁྲིན་ཀང་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བ་དང་མཚོ་སྔོན་པོའི་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པར་མ་ཟད། ཆེད་དོན་གྲོས་ཚོགས་བསྡུས་ནས་མཚོ་སྐོར་ས་ཁུལ་གྱི་ཡུལ་སྐོར་ཚོང་ར་བཅོས་སྐྱོང་བྱ་བའི་ཐད་ཀྱི་སྙན་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ལ་བློ་འདྲི་བ་དང་སྡོམ་ལྷོད་ཟུང་འབྲེལ་བྱེད་པ། ཡུལ་སྐོར་ཚོང་རའི་དཀའ་གནད་ཐག་གཅོད་པ། མཚོ་སྐོར་ཡུལ་སྐོར་ཚོང་ར་རིམ་སྤོར་བྱེད་པར་གཅིག་འདོམས་བྱས་ཏེ། མཚོ་སྔོན་པོའི་ཡུལ་སྐོར་དུས་ཚིགས་གལ་ཆེན་བཟང་བོར་བསུ་དགོས། སྤུས་ལེགས་ཐོན་རྫས་འདུ་ཤེས་འཛུགས་པ་དང་། སྒྲིག་གཞི་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་པར་དམིགས་ནས་སྤུས་ཚད་མཐོ་བའི་ངང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་སྤྱི་གླིང་མ་ལག་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་སྲུང་གཉིས་ཕན་ཚུན་མཐུན་སྦྱོར་བྱེད་པའི་ལམ་གསར་བ་ཞིག་བཏོད་དགོས།
རྟོག་ཞིབ་བྱེད་སྐབས་ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་རྒྱུ་ནི་མཚོ་སྔོན་གྱི་ཆབ་སྲིད་འགན་འཁྲི་དང་ལོ་རྒྱུས་ཀྱི་གོ་སྐབས་ཡིན་པས། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། བློ་དཀར་དག་གཙང་དང་ཁག་ཁུར་བྱེད་ཕོད་པ་དེ་ངེས་པར་དུ་ལན་འདེབས་དགོས་པའི་རྒྱུགས་གཞི་རུ་བརྩིས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ། ཏང་དང་མི་དམངས། ལས་དོན་ཐད་འགན་མཐོན་པོ་ཁུར་བའི་རྣམ་འགྱུར་བཅངས་ནས། མཚོ་སྔོན་གྱི་ཡུན་རིང་འཕེལ་རྒྱས་ལ་ཕན་པའི་བྱ་བ་མང་པོ་བསྒྲུབ་པ་དང་། བདེན་འཛིན་དངོས་གཉེར་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།
ཀྲུའུ་ཞང་ཧྥིན་དང་ལོས་ཀང་། ལིའུ་ཐའོ། ཧི་ལུའུ་ཁྲུན་བཅས་སོ་སོར་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།