ཟླ་ལྔ་པའི་ཚེས་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའི་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་དང་སྟོང་སྐོར་རྫོང་ལ་སོང་ནས་རྟོག་ཞིབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཟབ་མོར་སྤེལ་ནས། མགོ་ཁྲིད་ལས་བྱེད་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེར་འགལ་བའི་གནད་དོན་གྱི་དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་ལེགས་བཅོས་གཏིང་ཟབ་སྒོས་སྤེལ་དགོས་ལ། ཏན་ཏིག་གི་སྤྱོད་ཚུལ་གྱིས་བྱ་བའི་ཕན་འབྲས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། བསམ་བཀོད་གཅིག་གི་བསམ་བློས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བྱ་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པ་ནན་གྱིས་བསྟན།
སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཁྲིན་ཀང་གིས་དགོན་པར་སྡོད་པའི་བྱ་བའི་རུ་ཁག་གི་བྱ་བའི་གནས་ཚུལ་དང་། དགོན་པ་དོ་དམ། མེ་འགོག་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། ཧུར་ཐག་གིས་གནས་བབ་གསར་བ་དང་འགྱུར་ལྡོག་གསར་བ་དང་འཚམ་པར་བྱེད་དགོས། ལྷག་པར་དུ་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་ཀྱི་རླབས་རྒྱུན་ལ་ཁ་གཏད་ནས། དགོན་པའི་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་སྒོས་དངོས་འབེབ་བྱེད་དགོས། ལྟོ་བར་དོ་དམ་བྱེད་དགོས་པ་མ་ཟད། ཀླད་པ་ལའང་བདག་དམ་བྱས་ནས། བསམ་བློ་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། སྟོང་སྐོར་གནའ་མཁར་དུ་ཁྲིན་ཀང་གིས་ལྟ་ཞོར་འགྲོ་ཞོར་གྱིས་རིག་དངོས་འཛུགས་སྐྲུན་སྲུང་སྐྱོབ་ཀྱི་གནས་ཚུལ་དང་ལྔ་གཅིག་གནང་བའི་སྐབས་ཀྱི་ཡུལ་སྐོར་དཔལ་འབྱོར་སོགས་ཀྱི་གནས་ཚུལ་ཞིབ་ཏུ་འདྲི་རྩད་བྱས། ཁོས་བཤད་རྒྱུར། ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པའི་མཐའ་སྐོར་ནས། སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུན་འཛིན་ཁྲོད་ནས་བཀོལ་སྤྱོད་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། ས་གནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས།
ཧོང་ཀྲུང་ཆུའུ་ཞི་པའོ་གྲོང་རྡལ་སྐྱེ་ཁམས་འབྲི་མོ་གསོ་བའི་རྟེན་གཞི་རུ་ཁྲིན་ཀང་ཐོན་སྐྱེད་འཁོར་ཁང་དུ་སོང་ནས་ཡུལ་དངོས་ནས་གཟིགས་ཞིབ་བྱས། ཁོས་བསྟན་དོན། ཏང་འཛུགས་ཀྱིས་སྣེ་ཁྲིད་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ལས་གཞི་དོ་དམ་བཟང་བོ་བྱེད་པ་དང་། ཁེ་ལས་ཁེ་གཉེར་ལེགས་པོ་བྱས་ནས། ཞིང་གྲོང་གིས་ཞིང་གྲོང་ལ་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་སྔར་མེད་འཐུས་ཚང་དུ་གཏོང་བ་དང་། བརྟན་འཇགས་སྒོས་གྲོང་ཁྱེར་སྡོད་དམངས་ལ་སྔོ་ཚོད་འདོན་སྤྲོད་བྱེད་པའི་དུས་མཚུངས་སུ། མང་ཚོགས་སྔར་ལས་མང་པོ་ལ་ཁྱིམ་ཚང་གི་སྒོ་ཁ་ནས་ལས་ཞུགས་བརྟན་འཇགས་ཡོང་བ་མངོན་འགྱུར་བྱེད་དུ་བཅུག་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་དགོས། སྟོང་སྐོར་རྫོང་ན་ཆགས་པའི་མཚོ་སྔོན་གཙང་གསུམ་དབྱི་ལིས་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ། ཁྲིན་ཀང་གིས་གཟན་རྩྭའི་ཐོན་ལས་དང་། ནོར་ལུག་བཤའ་ཚུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ལས་སྣོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། ཁེ་ལས་ཀྱིས་ཐོན་ལས་མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་མཉམ་འཛུགས་བྱེད་པའི་ལམ་བུ་འཚོལ་ཞིབ་བྱེད་དགོས་པ་དང་། ཐོན་ལས་ཚུལ་སྒྱུར་རིམ་འཕར་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་མཉམ་འབྲེལ་དྲ་རྒྱ་བརྒྱུད་ནས་ཕྱོགས་སོ་སོར་ཕྱིར་འཚོང་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པར་གདམས།
མཚོ་སྔོན་གྱི་མ་ཡུམ་ཆུ་བོར་བསྔགས་པའི་ཙོང་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཡིན། སྟོང་སྐོར་རྫོང་ཏཱ་ཧྭ་གྲོང་རྡལ་ཏཱ་ཧྭ་ནུབ་ལམ་གྱི་ཙོང་ཆུའི་གཙང་འགྲམ་དུ། ཁྲིན་ཀང་གིས་ཆུའི་རྒྱུ་སྤུས་ཚད་ལེན་གནས་ཚུལ་ལ་ལྟ་ཞིབ་དང་ཙོང་ཆུའི་སྲུང་སྐྱོབ་དང་བཅོས་སྐྱོང་གི་གྲུབ་འབྲས་ལ་ཉན། ཁོས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་དེ་ཕྱོགས་སོ་སོར་འབྲེལ་ཡོད། ཕྱོགས་ཡོངས་ནས་ཆུ་བདག་ལམ་ལུགས་དངོས་འབེབས་བྱེད་པ་དང་། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ། ཆུའི་འབག་བཙོག་སྔོན་འགོག་བྱེད་པ། ཆུའི་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཆུའི་སྐྱེ་ཁམས་སླར་གསོ་བྱས་ནས། ངེས་པ་དོན་གྱིས་ཆུ་སྲུང་བ་ལ་འགན་འཁུར་ཡོད་པ་དང་། ཆུའི་དོ་དམ་ལ་ཁག་ཁུར་ཡོད་པ། ཆུའི་སྲུང་སྐྱོབ་ཐད་འགན་བཟང་བོ་ཁུར་བ་བཅས་བྱེད་དགོས། ལྷག་པར་དུ་ཞིང་ཕྱུགས་ལས་འཕེལ་རྒྱས་དང་། མཁར་གྲོང་ཅན་འཛུགས་སྐྲུན་གྱིས་གཙང་བོའི་བཞུར་རྒྱུན་གྱི་ཚད་དང་ཆུའི་རྒྱུ་སྤུས་ལ་ཤུགས་རྐྱེན་ཐེབས་པར་དོ་སྣང་བྱེད་དགོས་ལ། དུས་མཉམ་དུ་རང་བྱུང་གནོད་འཚེ་ལ་སྔོན་དཔག་གནད་འཁེལ་བྱས་ཏེ། གཟབ་ནན་གྱིས་བོས་ན་ཨ་ལན་དང་མངགས་ན་ཡ་ལན་ཡོད་པའི་རྐྱེན་སྲོལ་དངོས་འབེབ་བྱས་ཏེ། ཆུ་ལོག་སྔོན་འགོག་གི་བྱ་བ་བཟང་བོར་སྒྲུབ་དགོས།
ཝང་ཝེ་ཏུང་དང་། པད་ཁོ་སོ་སོར་རྟོག་ཞིབ་ཁྲོད་ཞུགས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།