ཁྲིན་ཀང་གིས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ལ་རྟོག་ཞིབ་བྱས།
2023.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་ལྔ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གྱི་དཔེ་གཞིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ། དམངས་ཚིས་ལ་ཕན་པ་དང་དམངས་སེམས་ལ་དྲོད་ཁྲོལ་སྐྱེལ་བའི་བྱེད་ཐབས་སྔར་ལས་མང་པོ་སྤྱད་དེ། མི་དམངས་མང་ཚོགས་ཀྱི་བྲེལ་དགའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ་དང་། ཡར་ཐོན་བརྩོན་ལེན་གྱི་བསམ་པའི་རྣམ་པར་བརྟེན་ནས་དམངས་ཚིས་ཀྱི་རྒྱུགས་ལན་འབྲི་དགོས།

ཁྲིན་ཀང་ཞིང་ཆེན་དམངས་སྲིད་ཐིན་དུ་སོང་ནས། སྤྱི་ཚོགས་མྱུར་སྐྱོབ་ཁྲུའུ་དང་སྤྱི་ཚོགས་ལས་དོན་ཁྲུའུ། སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུའུ་བཅས་ཀྱི་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། དམངས་སྲིད་བྱ་བ་དེ་དམངས་ཚིས་དང་འབྲེལ་བ་དང་། དམངས་སེམས་ལ་སྦྲེལ་མཐུད་བྱས་ཡོད་པས། མ་མཐའི་འཚོ་བའི་འགན་སྲུང་གི་འགུལ་རྣམ་དོ་དམ་རྒྱུན་འཁྱོངས་བྱེད་པ་དང་། དཀའ་ཁག་མང་ཚོགས་ལ་རོགས་སྐྱོར་བཟང་བོ་བྱེད་པ། དྲོད་ཁོལ་སྐྱེལ་བའི་ཞབས་ཞུ་མི་དམངས་མང་ཚོགས་དང་ཐ་ན་དམིགས་བསལ་མི་ཚོགས་ཀྱི་སེམས་ཁོང་དུ་སྤེལ་ནས། མཐིལ་རྟོལ་འགན་སྲུང་གི་འགན་འཁྲི་ཕྲག་ཏུ་ལེན་དགོས། རང་འགུལ་གྱིས་མཉམ་འབྲེལ་དྲ་རྒྱའི་དུས་སྐབས་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཞིབ་འཇག་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་རྩ་འཛུགས་ཚད་ལྡན་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དུ། ཁྲིན་ཀང་རྒན་གསོ་ཉེན་སྲུང་ཁྲུའུ་དང་ཆེད་ལས་ལག་རྩལ་མི་སྣའི་དོ་དམ་ཁྲུའུ། ཞིང་ཆེན་སྤྱི་ཚོགས་ཉེན་སྲུང་ཞབས་ཞུ་ཅུའུ་ཡི་ལས་སྒོའི་ཚོམས་ཆེན་དུ་སོང་ནས་རྟོག་ཞིབ་བྱས། ཁོས་བསྟན་དོན། སྟབས་བསྟུན་ལས་ཞུགས་དང་ཞོར་ལས་པའི་ཉེན་སྲུང་འདུ་ཤེས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ་དང་། རྒྱུད་རིམ་སྔར་ལས་སྟབས་བདེ་རུ་བཏང་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་ནས། ཉེན་སྲུང་དམངས་ཕན་དེ་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས། ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་ལས་རྣམ་གསར་བའི་དགོས་མཁོ་གཙིགས་སུ་འཛིན་པ་དང་། ཤེས་ལྡན་མི་སྣའི་དཔུང་སྡེ་སྐྱེད་སྲིང་བྱེད་པ་དང་སྟོབས་ལྡན་དུ་བསྒྱུར་བ། ཞབས་ཞུའི་འགན་སྲུང་བཟང་བོར་བསྒྲུབ་སྟེ། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་འཁོར་རྒྱུག་བཟང་བོ་གསར་སྐྲུན་བྱེད་དགོས། ལས་ཞུགས་ཏེ་ཆེས་ཆེ་བའི་དམངས་ཚིས་དམ་འཛིན་བྱེད་པ་དང་། ཤར་ནུབ་རྒྱུད་མཉམ་ལས་ལ་རྒྱབ་རྟེན་ནས་ཞོར་ལས་པ་ཕྱིར་གཏོང་བར་རྩ་འཛུགས་བྱེད་པ། ཞིབ་སྡུར་གྱི་དགེ་མཚན་འདོན་སྤེལ་བྱས་ནས་ལས་ཞུགས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། མང་ཚོགས་ཀྱིས་གཏན་འཇགས་ངང་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ། ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱིས་ལོ་གསུམ་གྱི་རིམས་ནད་འགོག་སྡོམ་ཁྲོད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། བྲེལ་མྱུར་སྨན་བཅོས་མྱུར་སྐྱོབ་སྡེ་ཁག་གི་སྨན་བཅོས་རླངས་འཁོར་དང་སྤོ་སྒུལ་ཉིང་སྐྱུར་དཔྱད་འཇལ་རླངས་འཁོར་སོགས་སྒྲིག་ཆས་ལ་བལྟས། སྨན་བཅོས་དོ་དམ་ཅུའུ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཅུའུ། ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་དོ་དམ་ཅུའུ་བཅས་ལ་སོང་ནས། འགོས་ནད་ཀྱི་འགྲོ་ཕྱོགས་དང་བོད་ལུགས་གསོ་རིག་སྨན་རྫས་ཚད་ལྡན་ཅན་དུ་བསྒྱུར་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་གློ་བུར་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། ཤར་ནུབ་རྒྱུད་མཉམ་ལས་དང་ཚན་སྒྲིག་རང་བཞིན་གྱི་སྨན་བཅོས་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། རང་ས་གནས་ཀྱི་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་མི་སྣ་སྐྱེད་སྲིང་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ནད་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་བཅད་དེ། མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ཐད་ཀྱི་དགོས་མཁོ་སྐོང་དགོས།

ཁྲིན་ཀང་གིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོའི་མིག་སྔར་གྱི་གཙོ་གནད་དགོངས་པ་སློབ་སྦྱོང་བྱེད་པའི་སྟེང་འཇོག་པ་དང་། མ་རྩོམ་ཀློག་པ་དང་མ་རྩོམ་སྦྱོང་བ། རྩ་བའི་རིགས་པར་གོ་བ་ཟབ་མོ་ལེན་པ། དགོངས་པའི་མ་ལག་ཁོང་དུ་ཆུད་པར་བྱེད་པ་དང་དགོངས་པའི་ངོ་བོར་རྒྱུས་ལོན་ཡང་དག་བྱས་ནས། བརྗོད་དོན་སློབ་གསོ་ཕྱོགས་ཡོངས་སུ་ཁེབས་པར་བྱེད་པ་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་སྤེལ་བར་ཟུང་འབྲེལ་བྱས་ནས་དཔེ་གཞིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་བརྟན་བརླིང་ངང་སྤེལ་བ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་རེ་བ་ལག་བསྟར་བྱེད་པ། ཚན་ཁག་ལ་དོ་དམ་བཟང་བོ་བྱེད་པ་དང་དཔུང་སྡེར་སྣེ་ཁྲིད་བྱས་ནས། ཡར་ཐོན་བརྩོན་ལེན་བྱེད་པའི་བསམ་པའི་རྣམ་པར་བརྟེན་ནས་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མདུན་གྲས་སུ་བསྐྱོད་དགོས།

ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན། ཧི་ལུའུ་ཁྲུན་བཅས་སོ་སོར་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།