ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ལ་རྟོག་ཞིབ་བྱས།
2023.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་ལྔ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་བཅོས་ཆུ་དར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་དང་རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཀྱི་ཆུ་བེད་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ། ཆུ་གྲོན་ཆུང་དང་ཕན་འབྲས་ཇེ་ཆེར་གཏོང་བར་དོ་སྣང་བྱེད་པ། རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཆུ་དང་འབྲེལ་བའི་བྱ་གཞག་བཟང་བོར་སྒྲུབ་དགོས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་སྔ་གཞུག་ཏུ་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཆོ་ཐི་གྲོང་རྡལ་དང་ཆིན་ལེན་ཡུལ་ཚོའི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་རྐ་ནུབ་མའི་བཟོ་སྐྲུན་གྱི་ཕུག་ལམ་སོ་གཉིས་པའི་འཛུལ་སྒོ་དང་ཆུ་རྐ་ནུབ་མའི་བཟོ་སྐྲུན་གྱི་ཝུར་ཡ་བཞི་པར་སོང་ནས། ཡུལ་དངོས་ནས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་བལྟས་ནས་བསྟན་དོན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ཐད་མི་རབས་འགའི་རྔུལ་ཁྲག་དང་རིག་སྟོབས་འདུ་བ་དང་། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་ཡིན་པས། སྟོབས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་བྱེད་པ་དང་། དུས་ཚོད་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་ནས། ཙོང་ཆུའི་བཞུར་རྒྱུད་ཀྱི་གྲོང་གསེབ་ཀྱི་འཚོ་བ་དང་སྐྱེ་ཁམས་ཁོར་ཡུག བཟོ་ལས་དང་ཞིང་ལས་ཀྱི་ཆུ་གཏོང་ཆུ་བཀོལ་ཐད་སྔར་ལས་འགན་སྲུང་བཟང་བོ་བྱེད་དགོས། དེ་དང་མཉམ་དུ། ཚད་གཞི་མཐོན་པོས་ཞིང་ཁའི་ཆ་སྡེབས་སྒྲིག་ཆས་ལ་སྐུལ་འདེད་གཏོང་བ་དང་། དུས་ཐོག་ཏུ་ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་ནས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས།

ཧེ་ཆོན་ཆུ་མཛོད་དོ་སྲུང་པུའུ་རུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་དང་རྨ་ཆུ་ཟི་ལིང་དུ་འདྲེན་པ། ལྷོ་ཆུ་བྱང་འདྲེན་གྱི་ནུབ་རྐ འབྲི་ཆུ་ཚྭ་འདམ་གཞོང་དུ་འདྲེན་པ་སོགས་ཀྱི་ཆུ་བེད་བཟོ་སྐྲུན་གལ་ཆེན་གྱི་གནས་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། ཆུ་བེད་བཟོ་སྐྲུན་ནི་ལོ་བརྒྱའི་ཇུས་ཆེན་ཡིན་པས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། འཕེལ་རྒྱས་དང་བདེ་འཇགས་ཐད་གཅིག་འདོམས་བྱེད་པ། ཡུན་རིང་ལ་དམིགས་པ་དང་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། གོ་སྐབས་དམ་འཛིན་བྱེད་པ་དང་དཀའ་ཁག་ཐག་གཅོད་པ། སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཁོག་བཅས་ཀྱི་རྩིས་བཟང་བོར་རྒྱག་པ། དེང་སྐབས་ལ་བྱས་རྗེས་འཇོག་པ་དང་བུ་རབས་ཚ་རྒྱུད་ལ་གོ་ཆོད་པའི་ཆུ་བེད་གལ་ཆེན་གྱི་རྨང་གཞི་སྒྲིག་ཆས་ལས་གཞི་ལ་ཇུས་འགོད་དང་ལག་བསྟར་བྱེད་པ། ཆུའི་ཐོན་ཁུངས་ཀྱི་བར་སྟོང་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། ཁུལ་ཁོངས་ཀྱི་ཆུའི་བདེ་འཇགས་འགན་སྲུང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་དང་ལྡན་པའི་ཆུ་བེད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན་གཉིས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།