ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྐྱེ་ཁམས་འགྲེམ་ཚོགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས།
2023.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཚོར་དགའ་བསུ་ཞུས། ཁོ་གཉིས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་མཚོ་སྔོན་ལ་གཟིགས་ཞིབ་མཛད་དེ་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་སྟེང་ཡོད་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་སྟེང་ཡོད། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་ལ ཁྱད་དུ་འཕགས་པའི་ཚྭ་མཚོའི་ཐོན་ཁུངས་དང་དག་གཙང་ནུས་ཁུངས་ཀྱི་དགེ་མཚན་ལྡན་པ་དང་། མཚོ་སྔོན་དུ་སྐྱེ་ཁམས་འགྲེམ་ཚོགས་བསྡུས་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན་ལ། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་ཡང་ཡིན། ཐེངས་འདིའི་འགྲེམ་ཚོགས་གོ་སྐབས་སུ་བརྩིས་ནས། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་བརྗེ་རེས་གཏིང་ཟབ་བྱེད་པ། དངོས་གཉེར་་མཉམ་ལས་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཨ་ཀེན་ཐིན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཉིག་ཝང་ཏའོ་དང་བྷང་ག་ལའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་མུའུ་ཧྭན་མོ་ཏི.ཅ་ཞི་མུའུ.ཝུའུ་ཏིང་། ཁོ་ལོམ་པི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་སའེ་ཨེར་ཞི་ཨོ.ཁཱ་ཧྥུའུ་ལེ་ལ་བཅས་ཀྱིས་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོའི་ཚོགས་པའི་ཚབ་བྱས་ནས་མཚོ་སྔོན་གྱིས་ཁོ་ཚོ་གདན་ཞུ་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཧ་ཅང་གལ་ཆེ། མཚོ་སྔོན་གྱི་སྐྱེ་ཁམས་མཛེས་པ་དང་ནུས་ཁུངས་ཕུན་སུམ་ཚོགས་ལ། རིག་གནས་ཀྱི་སྣ་མང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཁུལ་གནས་དང་ས་གཤིས་ཀྱི་དགེ་མཚན་ཆེན་པོ་ལྡན་ལ། ཐེངས་འདིའི་མཚོ་སྔོན་གྱི་འགྲེམ་ཚོགས་བརྒྱུད་དེ། ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱས་ནས། མཉམ་ལས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།

མོ་ཞི་ཁོ་དང་། ཁེན་ནི་ཡ། ཡེ་མིན། ཀྲི་ལི་བཅས་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དང་། ཕྱི་འབྲེལ་པུའུ་ཕྱི་ཕྱོགས་དོ་དམ་ཟི་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ཝང་ཧའེ་ཧུང་བཅས་ཐུག་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།