ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་དང་ཞིང་ཆེན་རིམ་པའི་སྨྱན་བྱད་གཙོ་བོར་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། བརྗོད་དོན་སློབ་གསོའི་ཁྲོད་རྐང་ཤེད་དང་མཐོང་ཤེད། ཀླད་ཤུགས། བརྗིད་ཤུགས་སྦྱོང་བརྡར་བྱེད་པ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དྲིལ་སྒྲོག་བྱས་ནས། མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས།
ཚོགས་འདུའི་སྔོན་དུ། ཁྲིན་ཀང་མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་མཚོ་སྔོན་སྤྱིའི་ས་ཚིགས་བཅས་ལ་སོང་ནས། ཀྲུང་དབྱང་གི་སྨྱན་བྱད་ཀྱིས་གཙོ་ཤུགས་དམག་དང་ལམ་བུ་གཙོ་བོ། གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་པ་དང་། མཚོ་སྔོན་སེམས་ལ་ཐོགས་པ་དང་མཚོ་སྔོན་ལ་རྐང་འཛུགས་པ། མཚོ་སྔོན་དྲིལ་སྒྲོག་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། སྔར་བཞིན་དུ་སྨྱན་བྱད་ཀྱིས་མཚོ་སྔོན་ནས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་སོང་ནས། སྨྱན་བྱད་ཀྱི་མཉམ་བསྲེས་བཅོས་བསྒྱུར་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས། ཁྲིན་ཀང་གིས་བསྟན་དོན། བརྗོད་དོན་སློབ་གསོའི་ཁྲོད་སྨྱན་བྱད་ནི་ཟབ་ཞུགས་པ་ཡིན་ལ། དྲིལ་སྒྲོག་པ་ཡང་ཡིན་པས། ཏང་དང་མི་དམངས་ཀྱི་ལས་དོན་ལ་འགན་མཐོན་པོ་ཁུར་བའི་རྣམ་འགྱུར་གྱིས། དགོངས་པ་སློབ་པ་དང་ཏང་གཤིས་སྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་བསྐྲུན་པའི་སྤྱིའི་བླང་བྱ་ལྟར། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་བརྗོད་དོན་སློབ་གསོ་སྤེལ་བ་དང་། དེ་དང་མཉམ་དུ། སྨྱན་བྱད་ཀྱི་བརྒྱུད་སྒྲོག་དགེ་མཚན་འདོན་སྤེལ་བྱེད་པ་དང་། དྲིལ་སྒྲོག་བརྒྱུད་སྒྲོག་གི་གནད་ས་དང་ཤུགས་འདོན་ས་ཡང་དག་བཙལ་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་མཚོ་སྔོན་སྤྱིའི་ས་ཚིགས། འོད་ཟེར་ཉིན་རེའི་ཚགས་པར་མཚོ་སྔོན་གསར་འགོད་པའི་ས་ཚིགས། དཔལ་འབྱོར་ཉིན་རེའི་ཚགས་པར་མཚོ་སྔོན་གསར་འགོད་པའི་ས་ཚིགས། ཀྲུང་གོའི་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སྨྱན་བྱད་གཙོ་བོའི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་ལ་ཉན་རྗེས། ཁྲིན་ཀང་གིས་ཚང་མའི་ཡངས་ཚད་དང་ཤུགས་ཚད། གཏིང་ཚད་ཡོད་པའི་གསར་འགྱུར་དྲིལ་སྒྲོག་ཐད་ཁས་ལེན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚང་མས་ཀྲུང་དབྱང་གི་དགོངས་པ་དང་མཚོ་སྔོན་གྱི་གནས་ཚུལ་དངོས། མང་ཚོགས་ཀྱི་སེམས་ཁུར་བཅས་དྲིལ་སྒྲོག་བྱེད་པའི་ཁྲོད་འབད་འཐབ་ལྷོད་མེད་བྱས་པར་བཀའ་དྲིན་ཞུས་པ་དང་། ལས་གནས་སྟེང་འབད་བརྩོན་བྱེད་བཞིན་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་རྒྱུས་ལོན་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ་དང་། གོ་ལ་ཧྲིལ་བོའི་མཐོང་རྒྱ་ཁྲོད་མཚོ་སྔོན་གྱི་རིན་ཐང་ཤེས་པ་དང་རྒྱལ་ཁབ་ཀྱི་ཆགས་སྟངས་ཁྲོད་མཚོ་སྔོན་གྱི་འགན་འཁྲི་ཤེས་པ། དམངས་ཚིས་ཆགས་སྟབས་ཁྲོད་མཚོ་སྔོན་ལ་ལས་དོན་ལ་ངོས་འཛིན་བྱེད་པ། ཆེས་གོ་ཆོད་པའི་ལངས་ཕྱོགས་དང་ལྟ་ཚུལ། བྱེད་ཐབས་སྤྱད་དེ་དུས་རབས་ལ་ལྟ་ཞིབ་བྱེད་པ་དང་མཚོ་སྔོན་འགྲེལ་ཀློག་བྱས་ཏེ། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ཁྲོད་ཀྱི་བྱེད་ཐབས་དངོས་དང་འགྱུར་ལྡོག་མཚོན་པར་བྱེད་དགོས། མཚོ་སྔོན་ལ་དགའ་ཞེན་བྱེད་ན། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་། མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་དང་གནས་པའི་བར་ཁྱད་ལ་རྒྱུས་ལོན་གསལ་བོ་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ལམ་བུ་ཁོང་དུ་ཆུད་པར་བྱེད་པ། མཚོ་སྔོན་ལ་རྐང་འཛུགས་པ་དང་གཏོང་ཕོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས།། མི་དམངས་ཀྱི་འདོད་བློ་མཚོན་པ་དང་དུས་རབས་ཀྱི་སྙིང་སྟོབས་ཟིན་བྲིས་འགོད་པ། མཚོ་སྔོན་གྱི་གནས་ཚུལ་དྲིལ་སྒྲོག་བྱེད་དགོས། མཚོ་སྔོན་དྲིལ་སྒྲོག་བཟང་བོ་བྱེད་ན། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུ་བ་རྒྱུན་འཁྱོངས་བྱེད་པ། དྲང་སྲུང་གསར་གཏོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། གསར་འགྱུར་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། སྨྱན་བྱད་མཉམ་བསྲེས་སྒོས་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཉན་མཁན་གྱི་དགོས་མཁོ་གསར་བ་དང་བསྟུན་པ། མི་ཚོས་མཐོང་འདོད་ཉན་སྤྲོའི་རྣམ་པ་སྤྱད་དེ། མཚོ་སྔོན་གྱི་སྐྱེ་ཁམས་གཏམ་རྒྱུད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་བཟང་བོར་བཤད་དགོས།
ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས་པ་དང་། ཧི་ལུའུ་ཁྲུན་གྱིས་མཉམ་དུ་རྟོག་ཞིབ་བྱས་པར་མ་ཟད་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས།
རིན་ཆེན་མཚོས་བསྒྱུར།