སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས།
2023.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཟི་ལིང་དུ་བསྡུས་པ་དང་། ཚོགས་ཐོག་ཏུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ལྔ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ལ། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲུབ་འབྲས་གཙོ་བོ་དང་ཉམས་མྱོང་བརྗེ་རེས་དང་སྤྱི་སྡོམ་བྱས་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་གཅིག་འདོམས་དང་བཀོད་སྒྲིག་བྱས།

སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་སུན་ཡའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་མ་འཚོགས་གོང་ལ། ཞིང་ཆེན་སྲིད་གཞུང་དང་སློབ་གསོ་པུའུ་ཡིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།

ཧོའེ་ཅིན་ཕིན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གལ་ཆེན་བཏོན་པའི་ཚུན་དུ། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་རྒྱུ་དེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ནང་དོན་གལ་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བ་དང་བོད་འབྲེལ་བྱ་བར་ཞབས་འདེགས་ཞུ་བའི་ཁྲོད་རྨང་གཞི་རང་བཞིན་དང་འདེགས་སྐྱོར་རང་བཞིན། འཐབ་ཇུས་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། ལོ་ལྔའི་རིང་ལ། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་རྨང་གཞིའི་སློབ་གསོའི་ལྟེ་གནས་ནུས་པ་ཇེ་བརྟན་དུ་བཏང་བ་དང་། དེང་རབས་ལས་རིགས་སློབ་གསོའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ལ། མཐོ་རིམ་སློབ་གསོའི་སྣེ་ཁྲིད་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། རིགས་སོ་སོའི་དགེ་སློབ་དང་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མ་ཆད་པར་ཇེ་བརྟན་དུ་བཏང་སྟེ། གྲུབ་འབྲས་མངོན་གསལ་བླངས། དུས་རབས་གསར་པའི་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྒྲུབ་པར་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་དང་དུས་རབས་ཀྱི་རེ་བར་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ་དང་། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ནི་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། དམངས་ཚིས་ལེགས་སྒྱུར་དང་དམངས་སེམས་གཅིག་བསྡུ་བྱེད་པའི་བྱ་སྤྱོད་གལ་ཆེན་ཡིན་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འདྲེན་བྱེད་གལ་ཆེན་ཡིན་པར་ངོས་འཛིན་ཟབ་མོ་བྱེད་པ། མིག་སྔར་དང་ཡུན་རིང་། རོགས་སྐྱོར་དང་རང་ནུས་སྐྱེད་པའི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ནས། མཚོ་སྔོན་གྱི་རང་ངོས་འཕེལ་རྒྱས་དང་རང་བདག་འཕེལ་རྒྱས། རང་རྟོན་འཕེལ་རྒྱས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཧོའེ་ཅིན་ཕིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་དམིགས་ནས། ཧུར་ཐག་གིས་དུས་རབས་གསར་པ་དང་དུས་རིམ་གསར་པའི་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རིམ་སྤོར་པར་གཞི་གསར་སྐྲུན་བྱས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའིབྱ་གཞག་བཟང་བོར་སྒྲུབ་དགོས། ཏང་གི་སློབ་གསོའི་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཤུགས་འདོན་ས་གལ་ཆེན་དུ་བརྩི་བ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་དང་ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། སློབ་གསོའི་ཞབས་ཞུ་ཁུལ་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པ་བཅས་ཕྱོགས་ནས་མཚོ་སྔོན་གྱི་དཔེ་གཞི་གསར་སྐྲུན་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཉམས་མྱོང་སྤྱི་སྡོམ་བྱེད་པ། གནད་ཕིགས་རོགས་སྐྱོར་འབུར་དུ་ཐོན་པར་བྱེད་པ། མ་ལག་གཅིག་འདོམས་ལ་ཤུགས་སྣོན་པ། སྐུལ་སློབ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་ནས། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཕན་འབྲས་མཐོར་འདེགས་གཏོང་དགོས། སློབ་གསོ་པུའུ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཐེངས་འདིའི་མཉམ་ལས་གྲོས་མཐུན་བཀོད་པ་དེ་གོ་སྐབས་སུ་བརྩིས་ནས། པུའུ་དང་ཞིང་ཆེན་བར་གྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་གྱིས་སློབ་གསོའི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། པུའུ་དང་ཞིང་ཆེན་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཉམ་ཁུར་བྱེད་པ་དང་། མཚོ་སྔོན་གྱི་ས་ཁོངས་དགེ་མཚན་དང་ཐོན་ལས་ཀྱི་ཁྱད་ཆོས་ལ་དམིགས་ནས། སློབ་གསོའི་ཐོན་ཁུངས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གཉིས་ཕན་ཡོད་སྦྲེལ་མཐུད་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་དགོས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས། སློབ་གསོ་པུའུ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། མཐོ་རིམ་སློབ་གྲྭ་སོ་སོས་དུས་ཡུན་རིང་བོར་མཚོ་སྔོན་གྱི་སློབ་གསོའི་ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁྲིན་ཀང་གིས་བསྟན་དོན། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེས་མཚོ་སྔོན་གྱི་སློབ་གསོའི་ཐད་ནས་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་བཏང་བ་དང་། ང་ཚོས་རི་གྲོང་གི་འགྱུར་ལྡོག་དང་སློབ་མའི་རེ་བ། སློབ་གསོ་དར་སྤེལ་ཁྲོད་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བཅངས་པའི་ཐུགས་ཁུར་སྔར་ལས་ཟབ་མོར་ཚོར་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་པར་གསལ་བའི་དགེ་མཚན་ལ་གོ་བ་ཟབ་མོ་ལེན་ཐུབ་པ་བྱུང་ལ། སློབ་གསོ་པུའུ་དང་རོགས་སྐྱོར་བྱེད་པའི་ཕྱོགས་སོ་སོས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་དང་མཚོ་སྔོན་གྱི་སློབ་གསོའི་ཐད་བཅངས་པའི་བརྩེ་སེམས་ཟབ་མོ་ཚོར་བྱུང་། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེས་མཚོ་སྔོན་གྱིས་སློབ་གསོའི་ཐད་ནས་སྔར་ལས་འབད་འཐབ་བྱེད་པའི་གཏིང་ཤུགས་སྔར་ལས་ཆེར་བསྐྱེད་པ་དང་ཤུགས་སྐྱེད་རྗེས་འདེད་བྱེད་པའི་གོམ་སྟབས་སྔར་ལས་བརྟན་བརླིང་དུ་བཏང་ལ། སློབ་གསོ་པུའུ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཕྱོགས་སོ་སོའི་རྒྱུན་མཐུད་རོགས་སྐྱོར་ཡོད་ན། མཚོ་སྔོན་གྱི་རྨང་གཞི་སློབ་གསོས་སྔར་ལས་ལྷག་པར་མང་ཚོགས་ཀྱི་སློབ་གྲྭ་བཟང་བོར་འགྲིམ་པའི་ཐད་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་། མཐོ་རིམ་སློབ་གསོས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་འདེགས་སྐྱོར་ནུས་པ་དང་བྱས་རྗེས་འཇོག་པའི་ནུས་པ་འདོན་ཐུབ་ལ། ལས་རིགས་སློབ་གསོས་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་ཐུབ་པ་དང་། སློབ་གསོ་གཞི་གྲངས་ཅན་གྱིས་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བའི་ཐད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེས་མཚོ་སྔོན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བརྟག་དཔྱད་ཞིབ་མོ་བྱས་པ་དང་ཐུན་མོང་གི་ལྟ་བ་གསར་པ་གྲུབ་པར་བྱས་ལ། ང་ཚོས་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྟོབས་ཤུགས་ཡོད་རྒུས་མཉམ་ལས་ཀྱི་སྟེགས་བུ་འཛུགས་པ། བློ་སེམས་རྩེ་གཅིག་གིས་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་པ། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་དང་ལྡན་པའི་འཇོན་མིའི་འདེགས་སྐྱོར་དང་རིག་ནུས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། མཚོ་སྔོན་ལ་བཅངས་པའི་དམིགས་བསལ་ཐུགས་ཁུར་དེ་ལས་ཀྱང་ཡིན། སློབ་གསོ་པུའུ་སོགས་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། མཐོ་རིམ་སློབ་གྲྭ་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་འགན་འཁྲིའི་ཁག་ཁུར་དྲག་པོ། སྒེར་མེད་ཀྱི་སྐྱེས་འབུལ་སྙིང་སྟོབས་ལ་བརྟེན་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱས་ནས། མཉམ་དུ་རིམ་མང་བརྗེ་རེས་དང་རྒྱ་ཆེར་ཟབ་ཞུགས། རྒྱ་སྐྱེད་སྤུས་འདེགས། རིམ་སྤོར་ཤུགས་སྣོན་གྱི་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་གསར་པ་བསྐྲུན་ཡོད། ང་ཚོས་ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བརྩིས་ནས། སློབ་གསོ་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བ་དང་མཁར་གྲོང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། མཐོ་འབྲིང་དཀྱུས་མ་རྣམ་པ་མང་པོས་འཕེལ་རྒྱས་སུ་གཏོང་བ། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོའི་མཉམ་ལས་གསར་གཏོད་ལ་གཅིག་འདོམས་བྱེད་པ། སློབ་གསོ་གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐད་ཀྱི་ལས་བྱེད་པ་དང་འཇོན་མིའི་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས།

ཚོགས་ཐོག་ཏུ། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིན་དང་ཀྲེ་ཅང་ཞིང་ཆེན་སློབ་གསོ་ཐིན། ཆིན་ཧྭ་སློབ་ཆེན། པེ་ཅིང་དགེ་ཐོན་སློབ་ཆེན། ཐེན་ཅིན་སློབ་ཆེན། མཚོ་སྔོན་སློབ་ཆེན། མཚོ་བྱང་ཁུལ་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིའུ་ཐའོ། པེ་ཅིང་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་མཱ་ཅུན། ཧྲན་ཏུང་སློབ་ཆེན་གྱི་སློབ་གཙ་ལིས་ཧྲུའུ་ཚའེ། ལན་ཀྲིག་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཅེ། ཐེན་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་ཞན་ཅིན། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་གཙོ་ལེན་ཧྲང་ལིས། ནན་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཐན་ཐེ་ཉིག་བཅས་གྲོས་ཚོགས་ལ་ཞུགས། སློབ་གསོ་པུའུ་ཡི་འབྲེལ་ཡོད་ཟི་དང་ཅུའུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གསོ་སྡེ་ཁག མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་དང་གདན་ཞུ་བྱས་པའི་མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་གསོ་སྡེ་ཁག མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།