ཞི་ཅིན་ཕིང་གིས“ཀུའུ་ལིན་ཡོན”ཞེས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀུའུ་ལིན་ཡོན”ཞེས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གཅིག་དགུ་གོ་གཉིས་ལོར་ངས་ལྕམ་མོ་ཅཱ་ཏི་ན་ཀུའུ་ལིན་ས་ཁུལ་ལ་འཚམས་འདྲི་གནང་བར་གདན་འདྲེན་ཞུས་ནས། ཁོ་མོར་རང་གི་ཁྱོ་གའི་ཕུགས་འདུན་འགྲུབ་རོགས་བྱས་པ་ཡིན། ལོ་ངོ་སུམ་ཅུ་ལྷག་འགོར་བའི་རིང་ལ། ཀུའུ་ལིན་གྱི་གྲོགས་པོ་དང་རྒྱལ་ཁབ་གཉིས་ཀའི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣས་ཀུའུ་ལིན་གྱི་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱས་ནས། ཀུའུ་ལིན་གྱི་རིག་གནས་ཁྱབ་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་རྒྱལ་ཁབ་གཉི་ཀའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་བརྗེ་རེས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས “ཀུའུ་ལིན་གྱི་གྲོགས་པོའི”ཁོངས་མི་རྣམས་ཀྱི་འཕྲིན་ཡིག་འབྱོར་བར་ང་ཧ་ཅང་དགའ་སྤྲོ་སྐྱེས། འཕྲིན་ཡིག་གི་ཁྲོད་ནས་ཀུའུ་ལིན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་སྔར་ལས་གང་མང་རྟོགས་བྱུང་། ཀུའུ་ལིན་གྱི་འདྲ་པར་མང་པོ་དང་ལོ་བརྒྱ་དང་གསུམ་ལ་བུད་པའི་སྐུ་ཞབས་ལིན་ཨེན། “ང་ཀྲུང་གོ་མི་དམངས་ལ་དགའ”ཞེས་ཁ་ཆེམས་བཞག་པའི་སྨན་པ་ཧྥུའུ་ཡུས་ཧྭ། རུས་ཐལ་ཁ་ཤས་མེན་ཅང་གཙང་པོའི་ནང་གཏོར་བའི་སྐུ་ཞབས་མུའུ་ཨེ་རིན་སོགས“ཀུའུ་ལིན་གྱི་གྲོགས་པོ”ཞེས་པའི་ཉམས་མྱོང་གིས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ལམ་ལུགས་དང་རིག་གནས། སྐད་ཡིག་བཅས་ཀྱི་ཧེ་བག་བརྟོལ་ནས་མཛའ་མཐུན་ཟབ་མོ་ཞིག་བསྐྲུན་ཐུབ་པ་སླར་ཡང་ར་སྤྲོད་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས“རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་བར་གྱི་མཛའ་མཐུན་གྱི་འབྲེལ་བ་ལས་བྱུང་བ་ཡིན། ”རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྨང་གཞི་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཐུག་ཡོད། ཚང་མས་ཀུའུ་ལིན་གྱི་གཏམ་རྒྱུད་དང་ཀུའུ་ལིན་གྱི་བརྩེ་དུང་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་བཏང་སྟེ། ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་འདི་ཉིད་ཀུའུ་ལིན་ས་གཞིའི་སྟེང་གི་གསོམ་སྡོང་དང་འདྲ་བར། འཚར་ལོངས་ཡོང་བ་དང་མི་རབས་ནས་མི་རབས་བར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་ཐུབ་པའི་རེ་ལྟོས་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།