ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ན་གནད་འགག་ཏང་དང་མི་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ཤིང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པ་བཏོན་ནས་ལག་བསྟར་བྱས་ནས། ལོ་བརྒྱའི་ཏང་ཁག་ཆེན་མོའི་རང་སྟེང་གི་བཅོས་བསྒྱུར་ཀྱི་གོ་རྟོགས་གསར་བ་གསར་འབྱེད་བྱས། རིམ་པ་སོ་སོའི་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་བརྗོད་སྙིང་ལ་དམ་པོར་དམིགས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་དང་། ནན་ཏན་གྱིས་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། འཇོན་ནུས་ཅན་འདེམ་བསྐོ་བྱེད་པ། རྨང་གཞི་བརྟན་པོ་ཡོང་བ། འཇོན་མི་གསོ་སྐྱོང་བྱེད་པ་བཅས་ཕྱོགས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཞུད་ལམ་གསར་བ་མགོ་རྩོམ་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་དུས་རབས་གསར་བ་དང་བཞུད་ལམ་གསར་བའི་ལས་འགན་དང་འགན་འཁྲི་མངོན་འགྱུར་བྱེད་པར་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བར་ཁག་ཁུར་གསར་བ་དང་བྱ་སྤྱོད་གསར་བ་ཡོད་དགོས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པར་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དྦཡང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོས་པ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཐིག་གཏིང་ཟབ་ཏུ་དངོས་འབེབས་བྱེད་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་གཏིང་ཟབ་ཏུ་སྐུལ་འདེད་ག་ཏོང་བ། ཏང་ཀྲུང་དབྱང་གི་ཐུན་མོང་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ་ཆེས་མཐོའི་རྩ་དོན་དུ་བྱེད་པ་དང་། ཏང་ལ་བློ་དཀར་ཞིང་ཏང་ལ་སྲུང་སྐྱོབ་བྱེད་པ། ཤུགས་ཆེན་པོས་ཏང་དར་རྒྱས་སུ་གཏོང་བ་གཞི་རྩའི་འགན་འཁྲིར་བྱེད་པ། ཏང་ཁག་ཆེན་མོར་དམིགས་སུ་ཡོད་པའི་དཀའ་ཁག་གསར་བ་ཐག་གཅོད་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་བྱེད་པ་འགན་འཁྲི་གཙོ་བོར་བྱས་ཏེ། འབད་བརྩོན་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་ཏང་ཡོངས་ཀྱི་བསམ་བློའི་འདུ་ཤེས་དང་འགུལ་སྐྱོད་གཅིག་གྱུར་བྱེད་པ་དང་། རྒྱུན་ཆད་མེད་པར་གོང་འོག་མཉམ་འབྲེལ་ནན་མོ་དང་ནུས་པ་ལྡན་པའི་རྩ་འཛུགས་མ་ལག་ལག་བསྟར་བྱས་ནས། ཤུགས་ཆེན་པོས་མི་རིགས་བསྐྱར་དར་གྱི་ལས་འགན་ཁུར་དུ་བླངས་པའི་སྤུས་ཚད་མཐོ་བའི་སྲིད་འཛིན་རྐང་འཛིན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འཇོན་མིའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་པ། བསྟུད་མར་དཔེ་སྟོན་སྡེ་ཁག་དང་དཔུང་སྡེའི་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བ། རྒྱུན་ཆད་མེད་པར་རྩ་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་རླབས་ཆེ་བའི་རང་སྟེང་གི་བཅོས་བསྒྱུར་གྱིས་རླབས་ཆེ་བའི་སྤྱི་ཚོགས་ཀྱི་བཅོས་བསྒྱུར་ལ་ཁྲིད་སྟོན་བྱེད་པ་དང་། སྟོབས་ལྡན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་་གཏོང་བའི་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་དང་གཉིས་འགོར་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་མཛད།
རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར་པེ་ཅིང་ནས་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚེ་ཆི་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་་གི་ཧྲུའུ་ཅི་ལིས་ཞེ་གྲོས་ཚོགས་ལ་ཞུགས།
ཚེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པར་མ་ཟད། ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབས་པར་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད་པས། ང་ཚོས་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་དགོས་ཟེར།
ཚེ་ཆི་ཡིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ལོ་བཅུའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བར་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། དེའི་རྩ་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ལམ་སྟོན་བྱས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་པར་རག་ལས་ཡོད་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གསལ་བོར་མངོན་པར་བྱས་ཡོད་ཟེར།
ཚེ་ཆི་ཡིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་སྐབས་རྩ་འཛུགས་བྱ་བའི་གཏན་གནས་དམ་འཛིན་བྱེད་དགོས་པ་དང་། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་ཁྲོད་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ཡོན་དང་ལས་བྱེད་པའི་གཞུང་ལུགས་སློབ་གསོའི་གསོ་སྦྱོང་གི་ཡུན་ནུས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་བླ་སྲོག་བསྐྲུན་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཁུར་དུ་ལེན་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱས་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པའི་འཇོན་མིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པར་དམིགས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས། ཏང་ཡོན་ལ་དོ་དམ་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཏང་ཡོན་གྱི་དཔུང་སྡེའི་བྱང་ཚད་མཐོར་འདེགས་གཏོང་དགོས། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་ཧུར་ཐག་སྒོས་ཆབ་སྲིད་གླེང་བ་དང་། དྲང་བདེན་སྐྱོང་བ། བྱེད་སྒོ་སྤུས་དག བྱ་སྤྱོད་བཟང་བའི་དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་རྩ་འཛུགས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། རྩ་འཛུགས་སྡེ་ཁག་གིས་བྱ་བ་སྤེལ་བར་ཆ་རྐྱེན་བསྐྲུན་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་ཡིས་སྤྱི་བསྡོམས་གཏམ་བཤད་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཁྱད་པར་དུ་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དངོས་འབེབས་བྱས་ཏེ། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་དང་སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། བསྟུད་མར་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ལས་བྱེད་པའི་འདེམ་བསྐོ་དང་གསོ་སྦྱོང་། བཀོལ་སྤྱོད་བཅས་ཀྱི་བྱ་བ་ལེགས་བཅོས་བྱས་ཏེ། ཕྱོགས་ཡོངས་ནས་འཇོན་མི་གསོ་སྦྱོང་དང་ནང་འདྲེན། བེད་སྤྱོད་བཅས་བྱས་ནས་ཏང་ཡོན་གྱི་དཔུང་སྡེའི་འཛུགས་སྐྲུན་བྱ་བ་དམ་འཛིན་ནན་མོ་བྱེད་དགོས་པ་དང་། ཏང་གི་རྩ་འཛུགས་མ་ལག་གི་འཛུགས་སྐྲུན་གྱི་སྤྱིའི་བྱེད་ནུས་མཐོར་འདེགས་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
པེ་ཅིང་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཚོང་དོན་པུའུ། ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཐེན་ཅིན་སློབ་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།
ལིས་ཧྲུའུ་ལེ་དང་། ལིའུ་ཅིན་གོ། མུའུ་ཧོང་། ཅང་ཞིན་ཀྲི་བཅས་གྲོས་ཚོགས་ལ་ཞུགས།
ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཀྱི་མི་དམངས་ཚོགས་ཁག ཀྲུ་དབྱང་གིས་དོ་དམ་བྱེད་པའི་དངུལ་ལོར་ལས་ཁུངས་དང་ཁེ་ལས་སྐོར་ཞིག མཐོ་རིམ་སློབ་གྲྭ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།