ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་།
2023.07.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་ཕྱོགས་གསར་པ་གཏོད་རྒྱུའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་དྲུག་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་ཕྱོགས་གསར་བ་གཏོད་པའི་ལས་འགན་གལ་ཆེན་ནི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ཀྱི་ལོ་རྒྱུས་འགན་འཁྲི་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་ཟུང་འབྲེལ་གཉིས་དང་ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པ་དྲུག་སོགས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་ཐབས་ཤེས་བཏོན་ནས་རྒྱས་བཤད་བྱས་ཡོད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པས། ང་ཚོས་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་དགོས།

ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ལི་ཝུན་ཐང་གིས་གནད་དོན་དེའི་ཐད་འགྲེལ་བཤད་བྱས་པ་དང་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་པར་མ་ཟད་བགྲོ་གླེང་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་བགྲོ་གླེང་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་རང་རེའི་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ཏུ་གྲུབ་འབྲས་གལ་ཆེན་བླངས་པ་དང་། མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཆབ་སྲིད་སྟོབས་ཤུགས་གཞན་དག་གིས་འགྲུབ་མི་སྲིད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱེད་ཐུབ་པའི་རྩ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ། མའོ་ཙེ་ཏུང་གི་དགོངས་པ་དང་། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སོགས་རིགས་པའི་གཞུང་ལུགས་ཀྱི་གལ་ཆེའི་གྲུབ་འབྲས་ཐོབ་སྟེ་ཐོག་མཐའ་བར་གསུམ་དུ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་བསྐྱོད། བདེན་འཚོལ་དངོས་གཉེར་བཅས་བྱས་ཏེ་མར་ཁེ་སིའི་རིང་ལུགས་ལ་ཀྲུང་གོ་རུ་སྐྱེ་སྟོབས་ཧ་ཅང་ཆེན་པོ་ལྡན་པ་དང་། ཏང་ལ་བདེན་དོན་གྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པར་བྱས། ཀྲུང་གོའི་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སིའི་རིང་ལུགས་བཟང་བ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སིའི་རིང་ལུགས་བཟང་བ་རེད། དེ་ནི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཅིག་རེད། ང་ཚོས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་ཐོབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བརྗོད་གཞི་གལ་ཆེན་དེས་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་གི་རྩ་བ་དེ་གཏན་ནས་འདོར་མི་རུང་བ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་དེ་གཏན་ནས་འདོར་མི་རུང་བ་གཏན་འཁེལ་བྱས་ཡོད་པས། བླ་སྲོག་དང་རྩ་བ་འདི་བརྟན་སྲུང་བྱ་རྒྱུ་ནི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་ངེས་པར་དུ་གཏམ་གསར་པ་བཤད་དགོས་མོད། འོན་ཀྱང་མེས་པོ་བསྐྱུར་བ་དང་། མེས་པོ་བརྗེད་པ་ཡིན་ན་བླ་སྲོག་དང་རྩ་བ་བཅད་པ་དང་གཅིག་མཚུངས་ཡིན་ལ།མཇུག་མཐར་བླ་སྲོག་དང་རྩ་བ་མེད་པའི་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་འབྱུང་སྲིད་པས། ང་ཚོས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་དང་རྒྱལ་ཁབ་འཛུགས་པ་དང་། ཏང་དར་རྒྱས་གཏོང་བའི་རྩ་བ་དེར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། རང་རྒྱལ་ཁབ་ཀྱི་ནང་དུ་རྩ་བ་ཚུགས་པ་དང་མི་རིགས་རང་གི་ལོ་རྒྱུས་དང་རིག་གནས་ཀྱི་ས་ཞིང་གཤིན་པོ་འཕེལ་རྒྱས་གཏོང་བའི་མར་ཁེ་སིའི་རིང་ལུགས་མཐའ་འཁྱོངས་བྱས་ནས་གོམ་སྟབས་ཟམ་མི་ཆད་པར་སྤོ་བ་དང་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ། གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་འཛུགས་མཐའ་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་སློབ་སྟོན་དུ་བཟུང་ནས་ལོ་ངོ་ལྔ་སྟོང་ལྷག་རིང་གི་ཀྲུང་ཧྭའི་དཔལ་ཡོན་བང་མཛོད་ཁྱོན་ཡོངས་ནས་སྔོག་འདོན་བྱེད་པ། མར་ཁེ་སིའི་རིང་ལུགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་སྐྱེ་སྟོབས་ཀྱིས་ཕྱུག་པའི་ཕུལ་བྱུང་རྐྱེན་ཆ་གྲུང་སྐུལ་བྱེད་པ་དང་། དུས་རབས་ཀྱི་ནང་དོན་གསར་པ་སྣོན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་དང་ཕུན་སུམ་ཚོགས་པའི་བློ་གྲོས་དེ་སྔར་ལས་གཏིང་ཟབ་པའི་སྒོ་ནས་མར་ཁེ་སིའི་རིང་ལུགས་ཀྱི་གཏིང་དུ་འཇུག་པ། མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློའི་སྙིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཟུང་དུ་འབྲེལ་བ། རིགས་པའི་གཞུང་ལུགས་ཀྱི་དགེ་མཚན་གསར་པ་བཅས་སུ་བསྒྱུར་ཏེ་ཟམ་མི་ཆད་པར་བསམ་བློའི་ཡང་རྩེར་བསྙེག་དགོས། ང་ཚོས་རིགས་པའི་གཞུང་ལུགས་ཀྱི་མཐོང་རྒྱ་ཆེ་རུ་བཏང་སྟེ། ཆུ་བརྒྱ་མཚོ་ཡིས་འདྲེན་པའི་བློ་ཁོག་ཆེན་པོར་བརྟེན་ནས་མིའི་རིགས་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་ཕུལ་བྱུང་གྲུབ་འབྲས་ཡོད་ཚད་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། མིའི་རིགས་ཀྱི་ཤེས་བྱའི་སྤྱི་བསྡོམས་ཁྲོད་དུ་བསམ་བློ་དང་རིག་གནས་ཀྱི་ཐོན་ཁུངས་ཕུལ་བྱུང་བསྡུ་ལེན་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་སུ་བཏང་སྟེ། ཀུན་གྱི་བློ་གྲོས་གཅིག་ཏུ་འདུས་པ་དང་ཀུན་གྱི་བློ་གྲོས་བསྡུ་ལེན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྣམ་པ་ཆེན་པོ་ཆགས་པར་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་ལན་འདེབས་དགོས། དུས་རབས་ནི་བསམ་བློའི་རྩ་བ་དང་ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་ཡིན། དུས་རབས་འབྱེད་པའི་རིགས་པའི་གཞུང་ལུགས་མཐའ་དག་ནི་དུས་རབས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཐོན་དངོས་ཡིན། དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱིས་ངེས་པར་དུ་དུས་རབས་ཀྱི་འབོད་སྒྲ་མཚོན་དགོས་པ་ལས། རང་ཉིད་གནས་སའི་དུས་རབས་ཀྱི་ལག་ལེན་དང་གཏན་ནས་ཁ་འབྲལ་མི་རུང་བ་དང་། ངེས་པར་དུ་ལག་ལེན་གྱི་ཉམས་མྱོང་ཟམ་མི་ཆད་པར་ཕྱོགས་བསྡོམས་བྱས་ཏེ་དུས་རབས་ཀྱི་བསམ་བློའི་སྙིང་བཅུད་དུ་འགྱུར་བར་བྱ་དགོས། ང་ཚོས་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ལག་ལེན་གྱི་རྨང་གཞིའི་སྟེང་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་ཡིན་པ་ལས། བ་སོའི་མཆོད་རྟེན་ནང་དུ་སྡོད་པའི་སྟོང་བསམ་མིན་པར། ངེས་པར་དུ་ལག་ལེན་ཁྲོད་བདེན་དོན་རྙེད་པ་དང་། བདེན་དོན་འཕེལ་བ། ལག་ལེན་ལ་བརྟེན་ནས་བདེན་དོན་འཚོལ་བ་དང་བདེན་དོན་ཞིབ་བཤེར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། ཁྱོན་ཡོངས་ཆེན་པོ་གཉིས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་མ་ཟད་མཉམ་འགུལ་གཏིང་ཟབ་བྱེད་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག  མིའི་རིགས་ཀྱི་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་མང་པོ་ཞིག་འཕྲད་ཡོད་པ་དང་། རང་རྒྱལ་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་དང་ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཁྱབ་ཁོངས་ཁག་ལའང་ཞིབ་འཇུག་བྱ་གཞི་གསར་པ་རབ་དང་རིམ་པ་འཕྲད་ཡོད་པས། ཀྲུང་གོས་དྲི་བ་དང་།འཛམ་གླིང་གིས་དྲི་བ། མི་དམངས་ཀྱིས་དྲི་བ། དུས་རབས་ཀྱིས་དྲི་བ་བཅས་ང་ཚོར་བཏོན་པའི་རྒྱུགས་གཞི་གསར་བ་དེ་སྔོན་ཆད་ལས་རྙོག་འཛིང་ཆེ་བ་དང་དཀའ་ཚེགས་ཆེ་བས། ང་ཚོས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཏེ་རྒྱུགས་ལན་སྤྲོད་རྒྱུ་ནི་དགོས་གལ་ཆེན་པོ་རེད། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་བརྟན་པོར་བཙུགས་ནས་མཐོང་རྒྱ་སྔར་ལས་ཡངས་པ་དང་མིག་རྒྱང་སྔར་ལས་རིང་པོས་འཛམ་གླིང་གི་ལོ་རྒྱུས་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་དང་འཕེལ་ཕྱོགས་ཡང་དག་ཁོང་དུ་ཆུད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཏན་ཚིགས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་ཐུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པ། ཚན་རྩལ་འཕོ་འགྱུར་གསར་པ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་ཆེན་པོ། རང་རྒྱལ་འཕེལ་རྒྱས་སུ་གཏོང་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་བཅས་ཀྱི་ཁྲོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱས་ནས། འཛམ་གླིང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ལས་དབང་དང་ང་ཚོའི་ཏང་གི་ཡུན་རིང་སྲིད་འཛིན་ལ་འཕྲད་པའི་དངོས་ཡོད་ཀྱི་ཚོད་བགམ་ཁྲོད་ཏང་གི་རང་ངོས་གསར་བརྗེ་ཡི་འཐབ་ཇུས་བསམ་བློར་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་བྱས་ཏེ། དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཚན་རིག་གི་འདུ་ཤེས་དང་ནུས་ལྡན་གྱི་ཐབས་ཇུས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཏོན་ནས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ལ་སྔར་ལས་སྟོབས་ཆེན་དང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་ཤིག་མངོན་ཐུབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅན་དང་ཚན་རིག་དང་མཐུན་པ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་ཐབས་ལམ་གལ་ཆེན་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་ཤུགས་རྐྱེན་གཏིང་ཟབ་པའི་རྒྱུ་རྐྱེན་ནི་གཏིང་ཟབ་པའི་གཞུང་ལུགས་ལ་བརྟེན་ནས་མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་བདེན་དོན་རང་བཞིན་གསལ་སྟོན་དང་། འཐུས་སྒོ་ཚང་བའི་མ་ལག་ལ་བརྟེན་ནས་དེའི་རིགས་པའི་གཞུང་ལུགས་ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ་བྱས་པའི་རྐྱེན་གྱིས་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རྒྱུན་མཐུད་ངང་ཕུན་སུམ་ཚོགས་པར་རྒྱ་སྐྱེད་དུ་གཏོང་བ་དང་རྒྱུན་ཆད་མེད་པར་མ་ལག་ཅན་དང་ཚན་རིག་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་རེད། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ལ་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་འགྲེལ་བཤད་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ང་ཚོའི་ཏང་གིས་བཏོན་པའི་འདུ་ཤེས་གསར་པ་དང་ཆོད་གཏམ་གསར་བའི་ཁྲོད་རྗེས་དཔག་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་དང་འཆད་འགྲེལ་བྱེད་པ་དང་། ཕན་ཚུན་གྱི་ནང་གནས་འབྲེལ་བ་ཁོང་དུ་ཆུད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ལ་སྔར་ལས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་མང་ཚོགས་ཀྱི་གསར་གཏོད་ཁྲོད་ནས་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བློ་གྲོས་བསྡུ་ལེན་བྱ་རྒྱུར་མཐོང་ཆེན་བྱེད་དགོས། མར་ཁེ་སིའི་རིང་ལུགས་ནི་མི་དམངས་ཀྱི་ཆེད་དུ་གཏམ་གླེང་བྱེད་པ་དང་མི་དམངས་ཀྱི་ཚབ་བྱེད་པའི་རིགས་པའི་གཞུང་ལུགས་ཤིག་དང་། མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཆེད་གསར་གཏོད་དང་མི་དམངས་ཀྱིས་བཅིངས་འགྲོལ་ཐོབ་པར་རེ་བའི་ལག་ལེན་ཁྲོད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ནི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་འབྱུང་ཁུངས་རྫོགས་མཐའ་མེད་པ་ཞིག་རེད། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པའི་ཆ་ནས་དངོས་པོའི་རྒྱུ་ནོར་གསར་གཏོད་བྱེད་མཁན་ཡིན་ལ་བསམ་པའི་རྒྱུ་ནོར་གསར་གཏོད་བྱེད་མཁན་ཡང་ཡིན། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་ཡིན། མའོ་ཙེ་ཏུང་གི་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་དང་། ཡང་ན་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གང་ཡིན་ཡང་། དེ་ནི་མི་དམངས་ཀྱི་བློ་གྲོས་དང་མི་དམངས་ཀྱི་འཚོལ་ཞིབ། མི་དམངས་ཀྱི་གསར་གཏོད་བཅས་ལས་བྱུང་བ་ཞིག་རེད། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བར་ངེས་པར་དུ་མང་ཚོགས་ལམ་ཕྱོགས་ཀྱི་སྟེང་ནས་ཡག་པོ་བསྐྱོད་དགོས་པ་ལས་ལས་མེད་རྩོད་མེད་དང་སྟོང་བསམ་གཏན་ནས་བྱེད་མི་རུང་། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་དང་། མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་ནས་ཉམས་མྱོང་གསར་པ་ཕྱོགས་བསྡོམས་དང་། རྗེས་དཔག་གི་ཤེས་པར་འཕེལ་བ། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་གདམ་གསེས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་དམངས་དུང་ཕྱུར་མང་པོའི་སེམས་སུ་ཟུག་གང་ཐུབ་བྱས་ཏེ་མང་ཚོགས་དང་འབྲེལ་གཏུག་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་འདོད་བློ་དང་མཐུན་པ། དམངས་ཀྱི་བློ་ཁ་ཐོབ་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཏུ་འགྱུར་བར་བྱ་དགོས།