ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བདུན་པའི་སྟེང་དུ་གསུང་བཤད་གལ་ཆེན་གནང་།
2023.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་ཀྱི་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམག་དོན་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱུའི་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་བདུན་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་མགོ་འཛིན་གནང་ནས། དམག་དོན་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་ནི་རང་རེའི་ཏང་གི་དམག་སྐྱོང་འདུ་ཤེས་དང་བྱེད་སྟངས་ཀྱི་འཕོ་འགྱུར་གཏིང་ཟབ་ཅིག་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཕེལ་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་ཞིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། དུས་རབས་གསར་པའི་ནང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པར་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གིས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཐབ་འཛིང་བྱེད་ནུས་ཞེས་པའི་རྩ་བའི་ཚད་གཞི་ཉག་ཅིག་འདི་ཉིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམག་དོན་ལམ་ལུགས་རྒྱུན་འཁྱོངས་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་དམག་དོན་བཅོས་སྐྱོང་མ་ལག་འཛུགས་པ། དེང་རབས་ཀྱི་དམག་དོན་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ།  ཆུ་ཚད་མཐོ་བའི་བཅོས་སྐྱོང་ལ་བརྟེན་ནས་རང་དམག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་གྱིས་གསུངས།

དམག་དོན་ཚན་རིག་ཁང་དམག་དོན་ཁྲིམས་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང་བློ་མཐུན་ཀྲའོ་ཏུང་པིན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་ནས་ལས་ཀའི་གྲོས་འགོ་བཏོན།  ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་གསན་པར་མ་ཟད། གྲོས་བསྡུར་ཡང་གནང་།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གནས་རྗེས་གསུང་བཤད་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་མགོ་ཁྲིད་དང་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དོངས་ཀྱི་ཁྲོད་དུ། ཏང་གིས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དམག་དོན་བཅོས་སྐྱོང་འཚོལ་ཞིབ་དང་ལག་ལེན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལྷག་པར་དུ་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་དམག་སྐྱོང་ལ་སྐུལ་འདེད་གཏོང་བ། དམག་དཔུང་གི་འཐབ་ཇུས་དོ་དམ་ལ་ཤུགས་སྣོན་པ་སོགས་བརྒྱུད་དེ། གཞི་ནས་སྒྲིག་སྲོལ་ལམ་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ། སྲིད་ཇུས་ལམ་ལུགས་བཅས་གསར་རྐྱང་རབ་དང་རིམ་པར་ཆགས་ནས། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་འཛམ་གླིང་གི་ལོ་བརྒྱའི་རིང་གི་འཕོ་འགྱུར་ཆེན་པོའི་འགྱུར་ལྡོག་སྔར་ལས་ཇེ་མགྱོགས་སུ་འཕེལ་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ནས། རང་དམག་འཛུགས་སྐྱོང་བྱ་རྒྱུ་དེ་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་སླེབས་ཡོད། དམག་དོན་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་པོ་བྱས་ཏེ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དམག་དོན་བཅོས་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དམག་དོན་བཅོས་སྐྱོང་ལ་ཤུགས་སྣོན་གསར་པ་བརྒྱབ་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དམག་དོན་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དེ་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཕྱོགས་གང་ཅིའི་ཐད་ལ་འབྲེལ་བ་ངེས་ཅན་ཡོད། མ་ལག་གི་འདུ་ཤེས་ལ་ཤུགས་སྣོན་པ་དང་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་དོན་བཅོས་སྐྱོང་གི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་པ། ཁྱབ་ཁོངས་ཁག་གི་བཅོས་སྐྱོང་དང་ཁྱོན་ཡོངས་ཀྱི་སྦྲེལ་ལམ་བཅོས་སྐྱོང་། རིམ་པ་སོ་སོའི་བཅོས་སྐྱོང་བཅས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་པ་དང་། སྡེ་ཁག་དང་ཁྱབ་ཁོངས་ལས་བརྒལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་པ། དམག་དོན་བཅོས་སྐྱོང་གི་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། དམག་གྲོན་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། གཙོ་གནད་ཁྱབ་ཁོངས་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། གཙོ་གནད་ཐོད་བརྒལ་ཡོང་བར་བྱས་ཏེ། སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། འཐབ་ཇུས་ཀྱི་དོ་དམ་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཚན་རིག་དང་མཐུན་པའི་ངང་ནས་དགོས་མཁོ་གྲུབ་པར་བྱེད་པ་དང་། མགྱོགས་མྱུར་དང་ལེན་ཞུ་བ། དོན་འཁྱོལ་ནུས་ལྡན་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། བརྒྱུད་རིམ་ཧྲིལ་པོར་ཆེད་ལས་ཅན་གྱི་ཚོད་སྐོར་བྱེད་པའི་བགྲོད་ལམ་སྟེང་དངོས་སུ་བསྐྱོད་དེ། སྦྲེལ་ལམ་བདེ་བླག་དང་ལས་ཆོད་ཆེ་བར་འགན་ལེན་ནུས་ལྡན་བྱས་ནས། དམག་དོན་མ་ལག་འཁོར་སྐྱོད་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་འདོན་སྤེལ་བྱེད་དགོས། མཐོ་རིམ་ལས་ཁུངས་དང་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་བསམ་བློ་བཅིངས་འགྲོལ་དང་། ལས་ཀ་བྱེད་སྟངས་གསར་གཏོད། བཅོས་སྐྱོང་གི་འདུ་ཤེས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ་དང་། དཔོན་དམག་གི་རང་བདག་གནས་བབ་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། གཞི་རིམ་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་བཅས་བྱེད་དགོས། དམག་དོན་བཅོས་སྐྱོང་དང་བཅོས་སྒྱུར་དང་ཁྲིམས་སྐྱོང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། དམག་དོན་ཁྲིམས་འཛུགས་ལས་དོན་གཏིང་ཟབ་དུ་སྤེལ་བ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་དང་ལག་བསྟར་ལས་དོན་ལ་ལྟ་སྐུལ་ཤུགས་ཆེན་བྱེད་པ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། གཞི་རྩའི་བྱེད་ཐབས་ཡིན་པའི་ཁྲིམས་སྐྱོང་ཡག་པོ་སྤྱོད་པ་བཅས་བྱས་ནས། དམག་དོན་བཅོས་སྐྱོང་གི་ལས་དོན་ཁག་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དམག་དཔུང་དང་ས་གནས་ལས་བརྒལ་བའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི། དམག་དོན་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་དང་། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་སྲུང་འཛུགས་སྐྲུན་ཁྱབ་ཁོངས་སུ་འཁུར་དགོས་པའི་འགན་འཁྲི་ལེགས་པར་བསྒྲུབ་དགོས། དམག་དཔུང་གིས་ས་གནས་དང་འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བྱས་ཏེ། དམག་དོན་དགོས་མཁོའི་རྒྱལ་སྲུང་འཛུགས་སྐྲུན་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རང་འགན་རང་འཁུར་དང་མཉམ་ལས་དམ་ཟབ། ཚད་ལྡན་དང་གོ་རིམ་ལྡན་པ་བཅས་ཀྱི་དམག་དཔུང་དང་ས་གནས་ལས་བརྒལ་བའི་ལས་ཀའི་རྣམ་པ་ཞིག་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།