ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་རུ། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མགོ་རྩོམ་མཛད་སྒོའི་སྟེང་ཕེབས་ནས་ ཀྲུང་གོར་འཚམས་འདྲི་གནང་མཁན་གྱི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁིར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ན་ནིང་ང་དང་ཙུང་ཐུང་ཙའོ་ཁི་ཡིས་རྒྱལ་ཁབ་གཉིས་ཀས་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཐད་ནས་ལེའུ་གསར་པ་བརྩམས་ཡོད། རྒྱལ་ཁབ་དེང་རབས་ཅན་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་དུ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་དུ་འདུ་ཤེས་གཅིག་མཐུན་དང་འཕེལ་རྒྱས་ཀྱི་གོ་སྐབས་ལྡན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་རྒྱལ་ཁབ་གཉིས་བར་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བ་གོ་སྐབས་སུ་བརྩིས་ནས། ཧིན་རྡུ་ཉི་ཞི་ཡ་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལས་དབང་དང་མཉམ་ལས། མཐུན་སྒྲིལ་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་དཔེ་མཚོན་བསྐྲུན་ནས། ས་ཁུལ་དང་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་བར་གྱི་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀའི་ཕྱི་འབྲེལ་པུའུ་ཀྲང་དང་འགོག་སྲུང་པུའུ་ཀྲང་བར་གྱི་བསམ་ཚུལ་བརྗེ་རེས་ཀྱི་ལམ་སྲོལ་ལག་བསྟར་བྱས་ནས། ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ངོས་ནས་ཕན་ཚུན་བར་ཡིད་ཆེས་བྱེད་འདོད་ཡོད།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཧིན་རྡུ་ཉི་ཞི་ཡའི“གོ་ལ་ཧྲིལ་པོའི་རྒྱ་མཚོའི་འདེགས་གནས”ཀྱི་བསམ་བཀོད་སྦྲེལ་མཐུད་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཡཱ་ཝན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ལ་ཡོད་པས། ཕྱོགས་གཉིས་ཀས“མཐའ་མའི་གནད་འགག”གི་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། ལས་གཞིའི་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོར་འགན་ལེན་ནུས་ལྡན་བྱས་ཏེ། ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། ཕྱོགས་གཉིས་ཀས་ཕྱོགས་བསྡུས་ཐོན་ལས་གླིང་ཁུལ་གྱི་མཉམ་ལས་མུ་མཐུད་ཡག་པོ་བྱས་ནས།“ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་གསར་པ་འཛུགས་སྐྲུན་དང་པེ་ཅཱ་ལིས་མན་ཏན་བཟོ་ལས་གླིང་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཧིན་རྡུ་ཉི་ཞི་ཡ་དང་ནུས་ཁུངས་གསར་པའི་རླངས་འཁོར་དང་རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས། མཉམ་དུ་ཐོན་ལས་གཞི་གྲངས་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ཐོན་འབོར་ཆེ་བའི་ཚོང་ཟོག་དང་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་སྒོ་ནས《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་རེས་འབྲེལ་བའི་གྲོས་ཆོད》ལག་བསྟར་བྱས་ཏེ། འབྲུ་རིགས་བདེ་འཇགས་དང་། དབུལ་པོ་ཉུང་གཏོང་དང་དབུལ་སྐྱོར། གྲོང་གསེབ་དར་སྤེལ། ལས་རིགས་སློབ་གསོ། སྐད་ཡིག་སློབ་གསོ། སྨན་བཅོས་འཕྲོད་བསྟེན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ད་ལོ་ནི་ངས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས་པའི་འདོད་བློ་བསྟན་ནས་ལོ་བཅུ་འཁོར་བའི་ལོ་ཡིན་ལ། ཀྲུང་གོ《ཨེ་ཤེ་ཡ་ཤར་ལྷོའི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ཁྲོད་ཞུགས་ནས་ལོ་ཉི་ཤུ་འཁོར་བའི་ལོའང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ཧིན་རྡུ་ཉི་ཞི་ཡས་ད་ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་སྣེ་ཁྲིད་བྱས་ནས་འཐབ་ཇུས་རང་བརྟེན་དང་མཐུན་སྒྲིལ་རང་འབད་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་བརྟན་ལྷིང་གི་ལྟེ་གནས་དང་འཕེལ་རྒྱས་ཀྱི་མཐོ་ས་མཉམ་སྐྲུན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་གསེར་ཀྱོམ་རྒྱལ་ཁབ་སོགས་ཕྱོགས་མང་གི་ལམ་སྲོལ་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། ས་ཁུལ་དང་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཙའོ་ཁི་ཡིས་ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་བར་དངུལ་གཏོང་དང་རྒྱ་མཚོའི་ཉ་ལས། འབྲུ་རིགས་བདེ་འཇགས། སྨན་བཅོས་འཕྲོད་བསྟེན་སོགས་ཐད་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ནི་སྒོ་འབྱེད་དཀྱེལ་ཡངས་ཀྱི་གྲོས་འགོ་ཞིག་ཡིན་པར་བརྟེན། ཧིན་རྡུ་ཉི་ཞི་ཡས་དེར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། ས་ཁུལ་གྱི་སྒྲོམ་གཞིའི་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་སྲུང་སྐྱོབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་དམ་ཟབ་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

མཇལ་འཕྲད་གྲོལ་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པ་དང་འཕྲོད་བསྟེན། མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་བཅས་དང་། དེ་བཞིན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་གསར་པ་དང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”འཛུགས་སྐྲུན་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་།

ཚའེ་ཆི་དང་ཏིན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།