ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་།
2023.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཅིས་ཀྱང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་གི་ལས་འགན་གཙོ་བོར་སྟངས་འཛིན་ནན་མོ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་ནང་དོན་དང་དེའི་ངོ་བོའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་སྟངས་འཛིན་ནན་མོ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་དགོས། སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ནས་རང་ཉིད་ཀྱི་འཐབ་ཇུས་གནས་བབ་དང་འཐབ་ཇུས་ལས་འགན་ལ་སྔར་ལས་སྟངས་འཛིན་བྱས་ཏེ། རང་ས་གནས་ཀྱི་དོན་དངོས་ནས་རྐང་ཚུགས་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཁ་ཕྱོགས་གཙོ་བོ་ཁ་གསལ་བཟོ་བ། ཞན་ཆ་གསབ་པ་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་ཐོད་བརྒལ་གསར་པ་ཡོང་བར་བྱས་ནས། དུས་རབས་གསར་པའི་ནང་གི་སི་ཁྲོན་བཅོས་སྐྱོང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་ཞིག་རྩོམ་རྒྱུར་འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་སྐྲུན་རྒྱུ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་སྐྲུན་རྒྱུ་ནི། དུས་ཀྱི་འཁོར་ཕྱོགས་ཡིན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས། ངེས་པར་དུ་གསར་གཏོད་དང་ལྷག་པར་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་འཕོ་འགྱུར་དང་སྒུལ་ནུས་ཚུལ་སྒྱུར་བྱེད་དགོས། སི་ཁྲོན་གྱིས་མཐོ་རིམ་སློབ་ཆེན་མང་བ་དང་ཚན་རིག་ཞིབ་འཇུག་གི་སྒྲིག་གཞི་མང་བ། གསར་གཏོད་ཤེས་ལྡན་པ་མང་བའི་ལེགས་ཆ་དང་ཐོན་ལས་མ་ལག་ཅུང་འཐུས་ཚང་དང་ཐོན་ལས་ཀྱི་རྨང་གཞི་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཚན་རྩལ་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཐད་ནུས་པ་དུས་གཅིག་ཏུ་འདོན་དགོས། ཚན་རྩལ་གསར་གཏོད་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་ཐོན་ཁུངས་སྦྲེལ་མཐུད་ཧུར་ཐག་བྱེད་པ། གསར་གཏོད་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ། གནད་འགག་དང་སྲོག་ཤིང་གི་ལག་རྩལ་ཁག་ཅིག་འབད་བརྩོན་ཆེན་པོས་མཁྲེགས་གཏོར་བྱེད་པ། ནུབ་རྒྱུད་ས་ཁུལ་གྱི་གསར་གཏོད་བཙན་ས་ཤུགས་ཆེན་པོས་སྐྲུན་པ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་སི་ཁྲོན་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དཀྱིལ་དབུས་སུ་གནས་ཡོད་ཅིང་།  དེས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་ལྷག་པར་དུ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་དམིགས་བསལ་དགེ་མཚན་ལ་བརྟེན་ནས། རྒྱལ་ཁབ་ཀྱི་ཐོན་ལས་ཕྲེང་འབྲེལ་བདེ་འཇགས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་ཤར་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་ཐོན་ལས་བཀོད་སྒྲིག་གསར་པ་དང་འབྲེལ་མཐུད་གང་ལེགས་བྱེད་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་གནད་ཁ་ཕྱོགས་སུ་བརྩིས་ནས། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ་དང་། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་བྱེད་པ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སི་ཁྲོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་སྐྲུན་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ནུས་ཁུངས་མ་ལག་གསར་པ་འཆར་འགོད་བྱས་ནས་འཛུགས་སྐྲུན་བྱས་ཏེ། ཆུ་དང་རླུང་། ཉི་འོད། ཆིང་། རང་བྱུང་སོལ་རླངས་སོགས་ནུས་པ་མང་པོ་ཕན་ཚུན་གསབ་རེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འབྲུ་རིགས་དང་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་སོགས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་གལ་ཆེའི་དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱེད་པའི་འཐབ་ཇུས་རྟེན་གཞི་སྐྲུན་དགོས། མིག་མངས་འགྲིག་སྐོར་གཅིག་གི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་བསྣན་ནས། ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་འཐབ་ཇུས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་འགྲན་རྩོད་ནང་ཞུགས་པའི་རྟེན་གཞི་གསར་པ་བསྐྲུན་ནས། ནུབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པ་གང་མགྱོགས་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་གཏོང་རྒྱུ་དེ་སི་ཁྲོན་བཅོས་སྐྱོང་དར་རྒྱས་གཏོང་བའི་གནས་བབ་གལ་ཆེན་དུ་བརྩིས་ནས། འབྲུ་རིགས་དང་ཕག་གསོ་བ། སྣུམ་རྒྱུ་སོགས་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོའི་ངང་མཁོ་སྤྲོད་འགན་ལེན་བྱེད་པའི་འགན་འཁྲི་སྔར་ལས་ཡག་པོ་འཁུར་དགོས། ས་བོན་དང་རྨོ་ཞིང་གི་གནད་འགག་གཉིས་དམ་འཛིན་བྱས་ཏེ། སོན་བཟང་དང་ཞིང་བཟང་ཆ་འགྲིག་ཡོང་བར་ཤུགས་སྣོན་པ་དང་། དུས་རབས་གསར་པའི་ཆུ་ཚད་སྔར་ལས་མཐོ་བའི“ཐེན་ཧྥུའུ་འབྲུ་མཛོད”བསྐྲུན་དགོས། ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་ཐད་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པ་དང་དམ་འཛིན་བྱེད་ཐུབ་པ། ལོ་ཁ་ཤས་ནང་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་བྱ་བ་ཁག་གཅིག་ལ་དམིགས་ཏེ། ཐོན་ཁུངས་གཅིག་སྡུད་དང་ཐོད་བརྒལ་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། དོད་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱེད་དགོས། ཀྲེ་ཅང་གི“བཟོ་སྐྲུན་ཁྲི་སྟོང་གི”ཉམས་མྱོང་ལ་སློབ་སྦྱོང་དང་དེ་བེད་སྤྱོད་བྱེད་པ་དང་། འགལ་རྐྱེན་ཆུང་ས་ནས་སེལ་ཏེ་སྙིང་རུས་ལྷོད་མེད་བྱེད་དགོས། གྲོང་གསེབ་ཀྱི་ཁང་ས་སྒྱུར་བཅོས་བྱེད་སྐབས་གཞི་ཐིག་ནན་སྲུང་བྱེད་དགོས། ས་ཞིང་འཁོར་རྒྱུག་གི་འགག་སྒོ་དམ་སྲུང་བྱ་དགོས་པ་ལས་འཁོར་རྒྱུག་གི་གོ་སྐབས་སྤྱད་དེ། “ཞིང་ལས་མ་ཡིན་པའི་རིགས”གཉེར་མི་རུང་། སྤྱི་ཚོགས་འགན་སྲུང་མ་ལག་གི་ཐད་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་སི་ཁྲོན་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གལ་ཆེན་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་མཁོ་སྤྲོད་ས་ཁུལ་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་གཙོ་གནད་ས་ཁུལ་ཞིག་ཀྱང་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་དེར་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ས་ཆའི་བར་སྟོང་ལ་དོ་དམ་ཚོད་འཛིན་བྱེད་པ་དང་དེའི་ལྡོག་ཕྱོགས་ཀྱི་རྩིས་ཐོ་དོ་དམ་ལ་ཤུགས་སྣོན་པ། རང་བྱུང་སྲུང་སྐྱོབ་ཁུལ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་སུ་ལྟ་སྐུལ་དོ་དམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གཙོས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གང་མགྱོགས་འཛུགས་དགོས། རྩྭ་ཐང་དང་ནགས་ཚལ། ཆུ་བོ། མཚེའུ་བཅས་ཀྱི་བརླན་ས་ཉམས་པ་སོར་ཆུད་བྱེད་དགོས། ཐོན་ལས་ཀྱི་གྲུབ་ཆ་དང་ནུས་ཁུངས་ཀྱི་གྲུབ་ཆ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཆ། ས་ཆའི་གྲུབ་ཆ་བཅས་མགྱོགས་མྱུར་ངང་ལེགས་སྒྲིག་དང་དེ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་གང་ལེགས་གཏོང་བ་བཅས་བྱེད་དགོས། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་སི་ཁྲོན་ནི་རང་བྱུང་གནོད་འཚེ་མང་སའི་ས་ཆ་ཞིག་ཡིན་པས། འཕྲལ་སྡོམ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཡུན་ཕན་ལམ་སྲོལ་གྲུབ་པར་བྱེད་པ་བཅས་བྱས་ནས། གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས། འབྲི་ཆུའི་འབབ་རྒྱུད་ལ་མཚོན་ནས་བཤད་ན། ཟླ་བདུན་པ་དང་བརྒྱད་པ་ནི་ཆུ་བོ་ཆེ་རུ་རྒྱས་པའི་དུས་སྐབས་སླེབས་པས། འབྲུབ་འགོག་གནོད་སེལ་གྱི་རང་བདག་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འབྲུབ་འགོག་ཞོད་འགོག་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་སེལ་དང་ཞོར་སྐྱོན་མི་འབྱུང་བར་བྱས་ཏེ། མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགལ་རྐྱེན་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་མི་འབྱུང་བར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོར་ཟླ་གཅིག་ལྷག་གི་དུས་ཡུན་ལས་མེད་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ལས་འགོ་ལེགས་ཚུགས་དང་ལས་ཀའི་མགོ་མཇུག་གཟབ་ནན། ཕན་འབྲས་དངོས་ཐོན་པར་བྱེད་དགོས། བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་དཔྱད་འཇོག་བྱེད་དགོས། གཞུང་ལུགས་སློབ་སྦྱོང་བྱས་འབྲས་ལ་ཞིབ་བཤེར་བྱེད་པར་ཅིས་ཀྱང་། ཏང་གི་གསར་གཏོད་གཞུང་ལུགས་དེ་སེམས་ལ་ཟུག་ཡོད་མེད་དང་། ཏང་ཡོན་ལས་བྱེད་པས་བསམ་བློ་གཏོང་མཁས་དང་བེད་སྤྱོད་བྱེད་མཁས་བྱེད་མིན་ལ་བལྟ་དགོས། བརྟག་དཔྱད་ཞིབ་འཇུག་བྱས་འབྲས་ལ་ཞིབ་བཤེར་བྱེད་སྐབས་ཅིས་ཀྱང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གསལ་རྟོགས་བྱེད་མིན་དང་གནད་དོན་དངོས་ཐག་གཅོད་བྱེད་མིན་ལ་བལྟ་དགོས། འཕེལ་རྒྱས་ཀྱི་ཕན་འབྲས་ལ་ཞིབ་བཤེར་དང་སྐུལ་འདེད་བྱེད་པར་ཅིས་ཀྱང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོད་བརྒལ་གསར་པ་ཡོང་ཡོད་མེད་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཡོད་མེད་ལ་བལྟ་དགོས། དག་ཐེར་ཡོ་བསྲང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར་ཅིས་ཀྱང་། གནད་དོན་གྱི་འགག་རྩ་གནད་ལ་འཁེལ་མིན་དང་། དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་གནད་ལ་འཁེལ་མིན་ལ་བལྟ་དགོས། ལས་བྱེད་པའི་དཔུང་སྡེ་ཡི་སློབ་གསོ་དག་ཐེར་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་སྐབས་ཅིས་ཀྱང་། བསམ་བློ་མི་གཙང་བ་དང་རྩ་འཛུགས་མི་གཙང་བའི་སྣང་ཚུལ་ཡོ་བསྲང་བྱེད་མིན་དང་ཆབ་སྲིད་ཀྱི་འགལ་རྐྱེན་སེལ་ཡོད་མེད་ལ་བལྟ་དགོས། དཔྱད་འཇོག་གི་ཕན་འབྲས་དེ་དོན་དངོས་ཀྱི་སྟེང་ནས་བཤད་དགོས་པ་དང་། སྒོ་ཕྱེ་ནས་དཔྱད་འཇོག་བྱས་ཏེ་མང་ཚོགས་ལ་གདེང་འཇོག་བྱེད་དུ་བཅུག་ནས། དཔྱད་འཇོག་བྱས་པ་དོན་དངོས་དང་མཐུན་པར་བྱེད་དགོས། བརྗོད་དོན་སློབ་གསོའི་ཕན་འབྲས་ལ་དཔྱད་འཇོག་བྱེད་པའི་ཕྱོགས་གལ་ཆེན་ཞིག་ནི། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐག་གཅོད་ནུས་ལྡན་བྱེད་ཐུབ་མིན་ལ་བལྟ་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐད་གནས་པའི་གནད་དོན་ལ་ཞིབ་བཤེར་ཐེངས་གཅིག་བྱས་ནས་འབྱུང་རྩར་དབྱེ་ཞིབ་དང་ནད་བསྟུན་སྨན་སྤྲོད་ཀྱིས་ཕན་འབྲས་དངོས་ཐོན་པར་བྱེད་དགོས། མགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་འཚོ་བའི་ཚོགས་འདུ་ལེགས་པར་འཚོག་དགོས་པ་དང་། སློབ་སྦྱོང་དང་ཞིབ་བཤེར། ཡོ་བསྲང་བྱེད་པ་བཅས་ཟུང་འབྲེལ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་མཛད།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་རོགས་བྱས་པ་དང་། ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་མཛུབ་སྟོན་ཚན་ཁག་བཅུ་གཉིས་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།