ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་བརྒྱད་གཅིག་དུས་ཆེན་སྔ་ནུབ་ཏུ་མཚོ་སྔོན་དུ་སྡོད་པའི་དམག་དཔུང་ལ་འཚམས་འདྲི་བྱས།
2023.08.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་གོ་དྲུག་འཁོར་བའི་སྔ་ནུབ་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་མཚོ་སྔོན་དུ་སྡོད་པའི་དམག་དཔུང་ལ་འཚམས་འདྲི་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་གཉེར་པ། དམངས་དམག་གྲ་སྒྲིག་དམག་ཞབས་མི་སྣ་དང་རྒྱ་ཆེའི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཁོ་གཉིས་ཀྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དམག་དར་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ། དམག་དཔུང་དང་སྲིད་གཞུང་དང་དམག་དཔུང་དང་མི་དམངས་མཐུན་སྒྲིལ་གཅིག་སེམས་དང་མཉམ་དུ་མདུན་སྐྱོད་བྱེད་པའི་རྣམ་པ་གསར་བ་སྲ་བརྟན་དང་གོང་འཕེལ་གཏོང་དགོས།

དྲག་ཆས་དམག་དཔུང་མཚོ་སྔོན་སྤྱིའི་རུ་ཁག་ཏུ། ཁྲིན་ཀང་ལོ་རྒྱུས་ཁང་དུ་སོང་ནས་ངོ་སྤྲོད་ལ་ཉན་པ་དང་འགྲེམ་སྟོན་ལ་བལྟས། སྤྱིའི་རུ་ཁག་གི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་ལོ་རྒྱུས། དཔའ་བོ་ལག་རྗེས་ལ་རྒྱུས་ལོན་གསལ་བོ་བྱས། འཕྲིན་གཏོང་རུ་ཁག་འཕྲུལ་སྒུལ་འཕྲིན་གཏོང་རུ་འབྲིང་དུ། ཁྲིན་ཀང་གིས་གཞི་རིམ་དཔོན་དམག་ལ་འཚམས་འདྲི་བྱས་པར་མ་ཟད། དམག་མི་ཚོ་དང་བརྗེ་རེས་ཟབ་མོ་བྱས། དམག་འཐབ་ཚེགས་ལས་བཀོད་འདོམས་ལྟེ་གནས་སུ། ཁྲིན་ཀང་གིས་བརྙན་རིས་ཀྱི་ལམ་ནས་མཚོ་འཕགས་རྨིད་སྟོང་བཞི་དང་བརྒྱད་བརྒྱ་རེ་བརྒྱད་ཡོད་པའི་ཁུ་ནུ་རི་བོའི་སོ་ཁར་འབྲེལ་འདྲིས་བྱས་ནས། སོ་ཁ་སྲུང་བའི་དཔོན་དམག་ཚོར་འཚམས་འདྲི་བྱས་ལ། ཁོ་ཚོས་བློ་དཀར་བའི་ངང་རྒྱལ་སྲུང་མཐའ་སྲུང་གི་བླ་མེད་འགན་འཁྲི་ལག་བསྟར་བྱས་པ་དང་། རང་ཉིད་ཀྱི་ལང་ཚོར་བརྟེན་ནས་དམག་དར་གྱི་རྒྱུགས་ལན་འབྲི་བའི་བརྟན་སྲུང་དང་གཏོང་འབུལ་ལ་བླ་མེད་དད་གུས་ཞུས།

ཁྲིན་ཀང་གིས་བསྟན་དོན། དུས་ཡུན་རིང་བོའི་རིང་ལ། མཚོ་སྔོན་དུ་སྡོད་པའི་དཔོན་དམག་གིས་བཅའ་སྡོད་ས་ཆ་ཕ་ཡུལ་དུ་བརྩིས་ནས། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཡོམ་འགོག་རྒུད་སྐྱོབ་སོགས་བྲེལ་དཀའ་ཉེན་ལྕི་ཡི་ལས་འགན་རབ་དང་རིམ་པ་ཡོངས་འགྲུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཡིད་རྟོན་བྱེད་པ་དང་བསྔགས་བརྗོད་ཐོབ་ཡོ། བསྐྱོད་ལམ་གསར་བའི་སྟེང་། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གནད་འགག་གི་ནུས་པ་འདོན་པ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་སྲུང་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་བཅངས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་རྒྱ་ཆེའི་དཔོན་དམག་ཡོངས་ཀྱི་དཀའ་ངལ་སེལ་བ་དང་། སྔར་བཞིན་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་གཉིས་བཀུར་མཉམ་འཛུགས་ཀྱི་ལེའུ་གསར་བ་འབྲི་རྒྱུ་ཡིན།

ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་དགུ་དྲུག་ཐིག་གསུམ་བཞིའི་དམག་དཔུང་ཧུང་ཡོན་སློབ་གསོའི་རྟེན་གཞི་དང་སོ་ཁང་དང་འཕྲིན་གཏོང་ལྡིང་ཤོག་ལ་སོང་ནས། དམག་དཔུང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། དགུ་དྲུག་ཐིག་གསུམ་བཞི་དམག་དཔུང་ལ་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་སྙིང་སྟོབས་ཀྱི་རྒྱུན་འཛིན་ཡོད་ལ། དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་། ཞི་ཅིན་ཕིང་གི་དམག་དར་དགོངས་པ་ཁྲིད་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་གོང་བཀུར་དང་སྲུང་སྐྱོབ་བཟང་བོར་བསྒྲུབ་པ། ཆབ་སྲིད་ལ་བློ་དཀར་བ་དང་དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་ལ་ཤུགས་སྣོན་པ། དམག་དོན་སྦྱོང་བརྡར་ཆུ་ཚད་དང་ལག་བསྟར་སྣ་མང་ཅན་གྱི་དམག་དོན་ལས་འགན་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།