ཞི་ཅིན་ཕིང་གིས་ཆུ་ལོག་གནོད་འགོག་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2023.08.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆུ་ལོག་གནོད་འགོག་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་སྔོན་ཏུའུ་སུའུ་རོས་ཞེས་པའི་དྲག་རླུང་གི་ཤུགས་རྐྱེན་ལས། ཧྭ་པེ་དང་ཧོང་ཧོའེ་སོགས་ས་ཁུལ་དུ་ཐལ་དྲགས་པའི་ཆར་ཆེན་འབབ་པའི་ནམ་ཟླ་བྱུང་སྟེ། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་བྱུང་ཡོད་ལ། པེ་ཅིང་དང་ཧི་པེ་སོགས་ས་ཁུལ་དུ་མི་སྣ་མང་བོར་ཤི་རྨས་བཟོས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ས་ཁུལ་སོ་སོས་གར་སོང་མ་རྙེད་པ་དང་ཁེགས་པའི་མི་སྣ་སྔོག་སྐྱོབ་བྱེད་པ་དང་། རྨས་ཕོག་པའི་མི་སྣའི་གསོ་བཅོས་དང་གནོད་པ་ཐེབས་མཁན་གྱི་ཁྱིམ་མིའི་སེམས་གསོའི་བྱ་བ་བཟང་བོར་སྒྲུབ་ནས། ཚད་ཆེན་པོའི་སྒོ་ནས་མི་སྣ་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་གཏོང་དགོས། གནོད་ཐེབས་མང་ཚོགས་བཀོད་སྒྲིག་གང་ལེགས་བྱེད་པ་དང་། འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་ཤུགས་སོགས་གཏོར་བརླག་ཐེབས་པའི་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། གང་མགྱོགས་སྒོས་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་མགོའི་ཆུ་ལོག་སྔོན་འགོག་གི་གནད་འགག་དུས་སྐབས་སུ་གནས་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་དངོས་འབེབས་བྱེད་པ། ལྟ་རྟོག་ཚད་འཇལ་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་བྱེད་པ། སྐོར་ཞིབ་ལས་རེས་ལ་ཤུགས་སྣོན་བྱས་ཏེ་ཆུ་ལོག་སྔོན་འགོག་གི་ས་ཁུལ་གཙོ་བོར་མཉམ་འཇོག་བྱེད་པ་དང་། ཆུ་ལོག་སྔོན་འགོག་གི་བྱེད་ཐབས་སྣ་ཚོགས་དངོས་འབེབས་གང་ལེགས་བྱས་ཏེ། ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་བཅས་ལ་འགན་སྲུང་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་དགོས་པ་དང་། རྒྱལ་ཁབ་ཆུ་ལོག་སྔོན་འགོག་སྤྱི་ཁྱབ་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ། ཆུ་བེད་པུའུ་སོགས་ཀྱིས་ཤུགས་ཆེན་པོས་གནོད་ཐེབས་ས་ཁུལ་ལ་རོགས་རམ་བྱས་ཏེ་གར་སོང་མ་རྙེད་པའི་མི་དང་ཁེགས་པའི་མི་སྣ་སྔོག་སྐྱོབ་བྱས་ནས། ཚད་ཆེན་པོའི་སྒོ་ནས་མི་སྣ་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། གནོད་ཐེབས་མང་ཚོགས་བཀོད་སྒྲིག་གང་ལེགས་བྱས་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས། འབྲེལ་ཡོད་ཕྱོགས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ལྟ་རྟོག་ཚད་འཇལ་དང་ཉེན་བརྡ་གཏོང་བ། སྐོར་ཞིབ་ལས་རེས་བཅས་ལ་ཤུགས་སྣོན་བྱེད་པ་དང་། ཆུ་ལོག་དང་དྲག་རླུང་སྔོན་འགོག་གི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཟོལ་མེད་ཀྱིས་འགན་སྲུང་བྱེད་དགོས་ཞེས་གསུངས།


བསོད་ནམས་ཚེ་རིང་གིས་བསྒྱུར།