སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་དུ་ཀྲང་གོ་ཆིན་གྱིས་ཐེན་ཅིན་གྱི་ཞོད་འགོག་གནོད་སེལ་ལ་མཛུབ་སྟོན་བྱས།
2023.08.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ། ཟླ་བརྒྱད་པའི་ཚེས་ལྔ་ཉིན་གྱི་ཉིན་གུང་འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་དེ་བྲེལ་མྱུར་ངང་ཐེན་ཅིན་དུ་ཐོན་ནས། ཞོད་འགོག་གནོད་སེལ་ལས་དོན་ལ་མཛུབ་སྟོན་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སེལ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཙུང་ལི་ལིས་ཆང་གི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱེད་པ། ཆུ་རགས་ཉེན་སེལ་བརྟན་གཏོང་དང་ཆུ་ལོག་གི་བགྲོད་ལམ་ཤར་གཏོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། མིག་སྔའི་ཞོད་འགོག་གནོད་སེལ་གྱི་དཀའ་ཁག་ཆེ་བའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་ཐུབ་པར་བྱེད་དགོས་ཞེས་ནན་བཤད་བྱས།

ཀྲང་གོ་ཆིན་གྱིས་ཞོད་འགོག་གནོད་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་གྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དང་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས། ཁོས་ཉེ་ལམ་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་དུ་ཆར་ཆེན་བསྟུད་མུར་བབས་ཏེ། ཧུའེ་ཧི་གཙང་པོའི་འབབ་རྒྱུད་དུ་ཆུ་ལོག་ཆེན་པོ་བྱུང་ནས་ཚོད་བགམ་ལ་འཕྲད་ཡོད། ཆུའི་སྟོད་རྒྱུད་ཀྱི་ངེས་གཏན་མེད་པའི་རང་བཞིན་ལ་བསམ་གཞིགས་གང་ལེགས་བྱས་ཏེ། ཆུ་ལོག་ཆེན་པོ་མ་སླེབས་པའི་སྔོན་ལ་སྤུས་ཀ་དང་གྲངས་འབོར་གཉིས་ལྡན་གྱི་སྒོ་ནས་ཆུ་རགས་ཞན་སའི་འགག་རྩའི་ཆུ་རགས་ཇེ་བརྟན་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་དང་ས་གནས་རྒྱལ་དབང་ཁེ་ལས་ཀྱིས་གནད་འགག་དུས་སྐབས་སུ་ཆེད་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཉེན་སེལ་དངོས་རྫས་དང་སྒྲིག་ཆས་སྔ་སྣུར་སྒོས་བསྡུ་སྐོང་བྱས་ནས། གློ་བུར་གྱི་དོན་རྐྱེན་འབྱུང་སྐབས་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་སྒོ་ནས་ཐག་གཅོད་བྱེད་དགོས། ཆུ་དཔྱད་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། མཚོ་རླབས་ཀྱི་གནམ་གཤིས་ཤུགས་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ཕྱོགས་བསྡུས་བྱེད་པ། ཆུ་བོ་རྒྱུག་ཁུལ་གྱི་ཆུ་བེད་བཟོ་སྐྲུན་ཁག་ལ་གནད་སྨིན་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་བཤངས་འབུད་ཀྱི་གོ་རིམ་ལ་སྟངས་འཛིན་ནན་མོ་བཅས་བྱེད་དགོས། ཆུ་ལོག་གསོག་ཁུལ་གྱི་བཀོལ་སྤྱོད་དོ་དམ་ལ་སྔར་ལས་ཤུགས་བསྣན་ནས། ཉེན་ཁའི་ས་ཁོངས་ཀྱི་མི་སྣ་ཕྱིར་འཐེན་བྱས་ནས། མི་གཅིག་ཀྱང་མི་ལུས་པར་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་མིག་མདུན་དུ་གནས་པའི་དཀའ་ཁག་དངོས་ལ་བསམ་གཞིགས་གང་ལེགས་བྱེད་པ་དང་། ཟས་རིགས་དང་འཐུང་ཆུ། གྱོན་གོས། སྨན་རྫས་སོགས་མཁོ་སྤྲོད་གང་ལེགས་བྱས་ཏེ།  མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་དང་སྨན་པ་བསྟེན་པའི་དགོས་མཁོར་འགན་སྲུང་བྱེད་རྒྱུ་དང་། ཁ་གསབ་སྐྱོབ་རོགས་ཀྱི་སྲིད་ཇུས་གང་མགྱོགས་དོན་འཁྱོལ་བྱས་ཏེ། མི་སེམས་བློ་བདེ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་ནན་མོ་བྱེད་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།