སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་དུ་ཀྲང་གོ་ཆིན་གྱིས་ཧེ་ལུང་ཅང་གི་འབྲུབ་འགོག་གནོད་སེལ་ལ་མཛུབ་སྟོན་བྱས།
2023.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ། ཟླ་བརྒྱད་པའི་ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་བར་དུ། འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་དེ་ཧེ་ལུང་ཅང་དུ་འབྲུབ་འགོག་གནོད་སེལ་ལས་དོན་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཙུང་ལི་ལིས་ཆང་གི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་རྒྱུན་འཁྱོངས་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱེད་པ། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། ཤི་རྨས་བྱུང་བའི་མི་སྣ་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་དང་གྱོང་གུད་བཅས་ཚད་གཞི་མཐོ་བའི་སྒོ་ནས་ཇེ་ཆུང་དུ་གཏོང་བར་འབད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲང་གོ་ཆིན་གྱིས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་བཞེས་དང་བྱམས་བརྩེའི་འཚམས་འདྲི་ཡང་བརྒྱུད་སྒྲོག་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ལམ་ཆད་པའི་མི་སྣའི་འཚོལ་སྐྱོབ་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་གིན་ཡོད་ཅིང་། ས་གནས་སོ་སོའི་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་ཆེན་པོ་གནང་གིན་ཡོད་ལ། ས་གནས་སོ་སོའི་གནོད་སེལ་དང་གནོད་ཐེབས་རྗེས་ཀྱི་སླར་གསོའི་འཕེལ་རིམ་ལ་ཐུགས་ཁུར་ཆེན་པོ་གནང་གིན་ཡོད་པར་མ་ཟད། ཞོར་སྐྱོན་སྣ་ཚོགས་སྔོན་འགོག་བྱེད་དགོས་པའི་ཐད་ནས་ནན་བཤད་གནང་བ་ལས་གཞན། ད་དུང་འབྲུབ་འགོག་གནོད་སེལ་དང་སླར་གསོ། གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱེད་པ་བཅས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡག་པོ་སྒྲུབ་དགོས་པའི་ཐད་ནས་ཀྱང་མངགས་བཅོལ་ཟབ་མོ་གནང་ཡོད་ཅེས་བསྟན།

ཀྲང་གོ་ཆིན་གྱིས་འབྲེལ་ལམ་ཆད་པའི་མི་སྣ་གནས་སའི་རི་ཁུལ་གྱི་ས་དབྱིབས་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། ཆེད་ལས་ཀྱི་རོགས་སྐྱོབ་སྟོབས་ཤུགས་སྣོན་དགོས། ཆར་བ་བསྟུད་མུར་འབབ་པར་གཏན་འཁེལ་མེད་པའི་རང་བཞིན་ངེས་ཅན་ཡོད་པར་དམིགས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྔོན་འགོག་དང་ཁ་གཏད་འཇལ་དགོས། མིག་སྔར་ཆུ་མཛོད་མི་ཉུང་བ་ཞིག་གི་ཆུ་ཆེན་པོར་རྒྱས་ནས་རྒྱས་ཚད་ལས་བརྒལ་ཡོད་པར་དམིགས་ཏེ། གོ་རིམ་ལྡན་པའི་ངང་ཆུ་རྒྱས་ཚད་ལས་བརྒལ་བའི་གནས་སྟངས་སྔར་ལས་ཇེ་དམའ་རུ་བཏང་ནས། ཉེན་ཁའི་འགལ་རྐྱེན་ཅི་རིགས་སྔོན་འགོག་བྱེད་དགོས་ལ། ཆར་བ་བསྟུད་མུར་འབབ་པའི་གནས་སྟངས་ལ་ཁ་གཏད་འཇལ་ཆེད་ཆུ་མཛོད་ཀྱི་ཤོང་ཚད་ཀྱང་མཁོ་འདོན་བྱེད་དགོས། སུང་ཧྭ་ཅང་གཙང་པོ་དང་ནེན་ཅང་གཙང་པོ་སོགས་འབབ་རྒྱུད་གཙོ་བོའི་ཆུ་ལོག་སྔོན་འགོག་གི་གནོན་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད་པས། སྔ་ས་ནས་འཐབ་ཕྱོགས་དང་པོ་རུ་ཉེན་སེལ་དངོས་ཟོག་དང་སྒྲིག་ཆས་གྲ་སྒྲིག་བྱས་ནས། ཉེན་སེལ་བརྟན་གཏོང་ལ་ཤུགས་བསྣན་ཏེ། བདེ་འཇགས་འབྲུབ་འགོག་གི་ཚད་མཐའ་བརྟན་པོར་བསྲུང་དགོས། གནོད་ཐེབས་མང་ཚོགས་ཀྱི་གནས་སྤོར་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། གཞི་རྩའི་འཚོ་བའི་དངོས་ཟོག་ལ་མཁོ་སྤྲོད་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་གནོད་སེལ་དངོས་ཟོག་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས། འབྲེལ་ཡོད་རྒྱལ་དབང་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱི་འཕྲལ་སྡོམ་ཉེན་སེལ་སྟོབས་ཤུགས་ས་གནས་ཀྱི་བཀོད་གཏོང་བཀོད་འདོམས་ཁྲོད་དངོས་སུ་བཅུག་སྟེ། གནོད་ཐེབས་ས་ཁུལ་གྱི་དངོས་ཡོད་དཀའ་ཁག་སེལ་རོགས་གང་ལེགས་བྱས་ནས། གནོད་ཐེབས་རྨང་གཞིའི་སྒྲིག་ཆས་ཀྱི་ཉམས་གསོའི་ལས་དོན་དམ་འཛིན་གང་ལེགས་བྱས་ཏེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་ངང་སླར་གསོ་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།